གཟའ་འཇུག་བཟང་པོ་ཡོང་བར་ཤོག

སྤྱི་ཚོཊ་འཕེལ་བའི་ལོ་རྒྱུས་ནང་མི་ཕན་ཚུན་དུས་ཆེན་ཁག་སོགས་དུས་དང་བསྟུན་ནས་འཚམས་འདྲི་ཞུ་བའི་གོམས་སྲོལ་ཞིག་ཆགས་ཡོད་པ་རེད། ལོ་གསར་སོགས་ལ་དབྱིན་སྐད་ཐོག་”ཧེ་པི་ ནིའུ་ ཨི་ཡར་”དང་བོད་སྐད་ཐོག་”བཀྲིས་བདེ་ལེགས་”ཞུ་བ་དང་། ཉིན་མ་གསར་པ་རེ་ལ་”སྒུཊ་མོར་ནིང་”དང་”ཉི་མ་བཟང་”སོགས་བཤད།

འཚམས་འདྲི་འགའ་ཞིག་ནི་མཚོན་དོན་མ་གཏོགས་གོ་རྒྱུ་ཐོལ་པ་མེད་པ་ལྟ་བུ་འདུག དཔེར་ན་དབྱིན་སྐད་སྐྱོན་མཁན་གཉིས་མཇལ་སྐབས་”ཧའོ་ཨར་ཡུ་”ཟེར་བའི་དྲི་བ་དེར་ལན་དམིགས་བསལ་དགོས་ཀྱི་མེད། གལ་ཏེ་སྐུ་གཟུཊ་བདེ་པོ་མེད་ནའང་ལན་”ང་ན་བཞིན་ཡིན་”སྐྱོན་པའི་ལུཊ་སྲོལ་དེ་འདྲ་ཡོད་ས་མ་རེད།

ཡིནའང་བཤད་སྲོལ་འགའ་ཞིག་ཁ་རྒྱུན་ལྟ་བུ་འདུག་རུང་དེ་ཚོའོ་རྒྱབ་ལྗོངས་ཐོག་བསམ་བློ་གཏོང་རྒྱུའང་འདུག ནུབ་ཕྱོགས་སྤྱི་ཚོགས་ནང་གཟའ་པ་སངས་ཕྱི་དྲོ་ནས་མི་ཕན་ཚུན་”ཧེ་པི་ ཝིག་ཨེནཌ་”ལབ་སྲོལ་ཡོད། གུས་ནས་ཐོག་མར་དེ་ཡང་མཚོན་དོན་མ་གཏོགས་ཡོད་ས་མ་རེད་བསམ་གྱི་ཡོད། འོན་ཀྱང་དེ་འདྲ་རེད་མིན་འདུག

གཟའ་ཟླ་བ་ནས་གཟའ་པ་སངས་བར་མི་མང་ཆེ་བ་ཞོགས་པ་སྔ་དྲོ་རང་གི་ལས་ཀ་བྱེད་ཡུལ་དུ་བསྐྱོད་དགོས་པ་དང་། ཕྱི་དྲོ་རང་ཁྱིམ་དུ་ལོག་སྐབས་ཕྱི་པོ་ཡིན། འགའ་ཞིག་གི་ལས་ཀའི་དུས་ཚོད་རིང་པོ་ཡིན་པ་དང་། འགའ་ཞིག་ལ་དུས་ཚོད་དེ་ཙམ་མང་པོ་མིན་རུང་ལས་ཀ་བྱེད་ཡུལ་བར་བསྐྱོད་པའི་དུས་ཚོད་རིང་པོ་ཡིན་པ་ལྟ་བུ་རེད་འདུག དེ་འདྲ་སོང་མི་རྣམས་དུས་སྐབས་དེའི་རིང་ངལ་གསོ་བྱེད་རྒྱུའི་དུས་ཡག་པོ་མེད་པ་ལྟ་བུ་ཡིན། ཁྱིམ་ཚང་གཅིག་གི་ནང་ལའང་གཟའ་ཟླ་གཉིས་དུས་མཉམ་དུ་ཞལ་ལག་བཞེས་རྒྱུའི་གོ་སྐབས་མེད་པ། ཕ་མ་དང་སློབ་གྲར་བསྐྱོད་མཁན་བུ་ཕྲུག་དབར་དེ་འདྲ་བའི་དུས་ཚོད་མེད་པ་ལྟ་བུ་ཡིན།

དེ་འདྲ་སོང་གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་ནི་མི་མང་ཆེ་བར་གུང་གསེང་ཡིན་པས་ཉིན་དེ་གཉིས་ལ་ཕལ་སྐད་ནང་བཤད་སྲོལ་ལྟར་”སྐྱིད་པོ་བཏང་”འདོད་ཡོད། དེ་འདྲའི་རྐྱེན་”ཧེ་པི་ ཝིག་ཨེནཌ་”ལབ་ཡོད་དུས་དངོས་ནས་གོ་རྒྱུ་འདུག་གོ འོན་ཀྱང་ད་ཉིན་གཟའ་ཉི་མ་ཡིན་པས་ཡང་ཉི་མ་ལྔ་ལས་ཀར་ཕྱིན་རྗེས་”ཧེ་པི་ ཝིག་ཨེནཌ་”ཡང་བསྐྱར་ཡོང་།་

Advertisements

རྡ་སའི་ཕོ་ཉ་དང་བོད་མིའི་ཤེས་ཡོན་སྐོར།

རྡ་སའི་ཕོ་ཉ་དང་བོད་མིའི་ཤེས་ཡོན་སྐོར།

 བུ་ཆུང་ཀེ་ཚེ་རིང་།

“དེང་གི་ན་གཞོན་ཚོས་ཁོང་ཚོའ་ཤེས་ཡོན་གནས་ཚད་ཞན་དུ་ཕྱིན་ཡོད་པ་ཁས་ལེན་གནང་གི་ཡོད་དམ།”

༡༩༨༦ལོར་བཞུགས་སྒར་བོད་རིགས་གཞོན་ནུའི་ས་གནས་རྒྱུན་ལས་ནས་ཟླ་རེའི་གསར་འཕྲིན་རྡ་སའི་ཕོ་ཉ་ཟེར་བ་ཞིག་འགྲེམས་སྤེལ་གནང་སྒོ་བཙུགས། དེ་སྐབས་གུས་རང་ཡང་རྒྱུན་ལས་ཁོངས་སུ་ཡོད།

dharamsalaMessenger

གསར་འཕྲིན་དེའི་ནང་གཞོན་ནུའི་གནས་ཚུལ་ཙམ་མ་ཟད་བཙན་བྱོལ་བོད་མིའི་གནས་སྟངས་དང་གཞུང་གི་མཛད་ཕྱོགས་ཐོག་དཔྱད་ཞིབ་བྱས་ཡོད། དཔེར་ན་༡༩༨༦གི་གསར་འཕྲིན་ལོ་༡འདོན་ཐེངས་༥ནང་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་ཚུལ་སྐོར་གླེང་བརྗོད་ཞིག་ཡོད། གླེང་བརྗོད་དེའི་ནང་ང་ཚོས་གནས་སྟངས་ཀྱི་འགྲེལ་བརྗོད་འདི་ལྟར་རེད།

“ཕྱི་ལོ་༡༩༧༩བར་བོད་ཀྱི་གཏན་ཉིན་སློབ་གྲ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཀྱི་ཤེས་ཡོན་གནས་ཚད་གང་ལེགས་ཐོག་དེའི་འགྲུབ་འབྲས་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་གང་སྤྱིའི་ཕྱག་འགན་བཞེས་བཞིན་པའི་ན་གཞོན་ཕལ་ཆེ་བ་སྐབས་དེའི་སློབ་ཕྲུག་ཤ་སྟག་ཡིན།  འོན་ཀྱང་༡༩༧༩ཚུན་རང་རེ་བྱེས་འབྱོར་བའི་འཚོ་བའི་གནས་སྟངས་སོགས་གང་སྤྱིའི་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་བོད་ཀྱི་གཏན་ཉིན་སློབ་གྲ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚད་ ཞན་དུ་འགྲོ་མུས་གནས་ཚུལ་འདི་ཡོངས་གྲགས་ཐོག་བོད་མི་བསམ་ཡོད་ཕལ་ཆེ་བར་བློ་ཚབ་སྐྱེ་གཞིར་འགྱུར་ཡོད་པ་དང་།  རང་རེའི་སྤྱི་ཚོགས་ཀྱི་དཀའ་ངལ་གསར་པ་ཞིག་ཀྱང་ཆགས་ཡོད་པ་རེད།  ད་ཆ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཉེར་བདུན་ལྷག་ཙམ་འཁོར་བའི་སྐབས་འདིར་ཕྱོགས་གཅིག་ནས་སློབ་གྲ་ཁག་གི་ནང་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཞན་དུ་འགྲོ་བ་དང་།  ཕྱོགས་གཞན་ཞིག་ནས་སློབ་ཕྲུག་གང་འཚམས་ཤིག་སློབ་སྦྱོང་མཇུག་འཁྱོངས་མ་བྱས་པར་ཕྱིར་འཐེན་གྱིས་སུད་ཚོང་མི་གླས་ལྟ་བུར་འཁྲིད་ཀྱི་ཡོད་པ་ནི་ཧ་ཅང་བློ་ཕམ་དང་མ་འོངས་པའི་མི་རབས་ཇི་འདྲ་ཞིག་ཏུ་འགྱུར་མིན་སེམས་ཚབ་སྐྱེ་གཞི་ཞིག་ཆགས་ཡོད་པ་རེད།  གལ་ཏེ་ད་ཆའི་གནས་སྟངས་འདི་དག་མུ་མཐུད་ཀྱིས་སློབ་ཕྲུག་མང་དག་ཅིག་སློབ་སྦྱོང་མཚམས་འཇོག་བྱས་ཡིན་ན་ང་ཚོའི་རྒྱལ་ཁབ་ཀྱི་འཐབ་རྩོད་དང་མི་རིགས།  སྤྱི་ཚོགས་བཅས་པར་གྱོང་ཆེན་པོ་ཞིག་ཆགས་རྒྱུ་ཉག་ཅིག་རེད། མ་འོངས་པར་ལོ་༣༠།༤༠རྗེས་བོད་ཀྱི་སྤྱི་ཚོགས་ཀྱི་ཤེས་ཡོན་གནས་སྟངས་ཇི་འདུ་ཞིག་ཏུ་འགྱུར་གྱི་ཡོད་དམ།”

གོང་ཞུས་གླེང་བརྗོད་བྲིས་ནས་ད་བར་ལོ་༣༠ཕྱིན་མེད་རུང་གནས་སྟངས་གཅིག་གསལ་པོ་རེད་བསམ། དེང་སློབ་སྦྱོང་མཇུག་འཁྱོངས་མ་བྱེད་མཁན་དེ་ཉུང་ཤས་ཡིན་གྱི་རེད། བཙན་བྱོལ་ནང་བོད་ཕྲུག་ཕལ་མོ་ཆེས་སློབ་སྦྱོང་གི་གལ་གནས་གསལ་པོ་མཁྱེན་གྱི་ཡོད་པ་ཚོར། འོན་ཀྱང་དེང་གི་ན་གཞོན་ཚོས་ཁོང་ཚོའ་ཤེས་ཡོན་གནས་ཚད་ཞན་དུ་ཕྱིན་ཡོད་པ་ཁས་ལེན་གནང་གི་ཡོད་དམ།

བོད་ཀྱི་དཀའ་རྙོག་དེར་རྒྱ་ནག་གཞུང་གི་གདོང་ལེན་བྱེད་ཐབས་ཐོག་དཔྱད་ཞིབ་ཞིག

 

བོད་ཀྱི་དཀའ་རྙོག་དེར་རྒྱ་ནག་གཞུང་གི་གདོང་ལེན་བྱེད་ཐབས་ཐོག་དཔྱད་ཞིབ་ཞིག

བུ་ཆུང་ཚེ་རིང་།

༼རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་དྲ་ཚིགས་ནས།༽

 

༢༠༡༣ཟླ་ བ་༡ཚེས་༣༡ཉིན་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ནང་བོད་དང་། ནང་སོག ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས་དང་། དེའི་རྐྱེན་རྒྱ་ནག་ནང་མི་རིགས་ཀྱི་དཀའ་རྙོག་ཡོང་རྒྱུ་ཡིན་མིན་ཐོག་བགྲོ་གླེང་ཞིག་ནང་གུས་ནས་གཤམ་གི་དོན་གནས་ཐོག་གཏམ་བཤད་བྱས། བགྲོ་གླེང་དེ་ནི་ཨ་རིའི་ནང་རྒྱ་རིགས་ཀྱི་ཚོགས་པ་ཞིག་ནས་གོ་སྒྲིག་གནང་བ་རེད།

Watch the video

 

བར་ སྐབས་ཞིག་ནས་བོད་ནང་རང་ལུས་མེར་སྲེག་གཅིག་རྗེས་གཉིས་མཐུད་གནང་བ་དེས་ད་ལྟ་ བོད་ཀྱི་ཡ་ང་བའི་གནས་སྟངས་དེ་མཚོན་གྱི་ཡོད། འོན་ཀྱང་དེ་འབྱུང་རྐྱེན་བོད་ཀྱི་དཀའ་རྙོག་དེར་རྒྱ་ནག་གཞུང་ནས་གདོང་ལེན་ བྱེད་སྟངས་དེ་འཕྲལ་ཕུགས་གཉིས་དང་བོད་རྒྱ་གཉིས་ཀར་ཕན་ཐོག་མེད་པ་བྱུང་ཞིང་། བོད་ཐོག་རྒྱ་ནག་གིས་སྲིད་བྱུས་ནོར་པ་ལག་ལེན་ལྟར་བཞིན་པ་དེས་བོད་ཀྱི་དཀའ་ རྙོག་དེ་ཛ་དྲག་ཏུ་གཏོང་བཞིན་པ་རེད།

རྒྱ་ ཆེ་བའི་ཕྱོགས་ཐོག་ནས་གཟིགས་ན་རྒྱ་ནག་ནས་བོད་ཀྱི་དཀའ་རྙོག་དེ་གདོང་ལེན་བྱེད་ ཐབས་ལམ་གཉིས་བརྒྱུད་གནང་བཞིན་འདུག གཅིག་ནི་དཀའ་རྙོག་དེ་བོད་མི་ལྟ་བུ་གྲངས་ཉུང་མི་རིགས་ཟེར་བ་ཚོར་རྩ་ཁྲིམས་ནང་ གསལ་བའི་ཐོབ་ཐང་དམིགས་བསལ་འགའ་ཞིག་ཡོད་པའི་རྐྱེན་ཡིན་པའི་ཡིད་ཆེས་ཀྱིས་ཐོབ་ ཐང་དེ་ཚོ་མེད་པ་བཟོ་ཐབས་གནང་། དེའི་དཔེ་མཚོན་ནི་༢༠༡༡ཟླ་༡༢ནང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ གཞོན་པ་ཀྲུའུ་ཝེ་ཆུན་ནས་གཞུང་འབྲེལ་གསར་ཤོག་ཞིག་ནང་དེང་རྒྱ་ནག་ནང་བྱུང་ བཞིན་པའི་མི་རིགས་ཀྱི་དཀའ་རྙོག་རྣམས་མི་རིགས་ཚོར་སྲིད་བྱུས་ཐ་དད་ཞིག་ཡོད་ པའི་རྐྱེན་ཡིན་པས་དེ་མེད་པ་བཟོ་དགོས་གསུངས། སྐུ་ཞབས་ཀྲུའུ་ནས་གསུངས་པ་དེ་དེ་སྔོན་རྒྱ་ནག་གི་དཔྱད་ཞིབ་པ་འགའ་ཞིག་ནས་ གསུངས་ཡོད་ཞིང་དེ་ཐོག་དེང་རྒྱ་ནག་ནང་གླེང་མོལ་ཡོང་བཞིན་པ་ཡིན། འོན་ཀྱང་ཁོང་ནི་བོད་ཀྱི་གནད་དོན་ཐོག་འགན་ཡོད་མཁན་རྒྱ་ནག་གི་དཔོན་རིགས་ཞིག་ ཡིན་པ་དེས་ཁོང་གི་དགོངས་འཆར་དེར་གོ་བ་གསར་པ་ཞིག་ཡོད་དགོས། གང་ལྟར་ད་ལྟའི་ཆར་ཁོང་གི་དགོངས་འཆར་དེར་ལག་ལྟར་བྱུང་མེད་པ་ལྟ་བུ་འདུག་པས་ དེས་ད་ལྟའི་རྒྱ་ནག་གི་དབུ་ཁྲིད་ཚོའི་དབར་མི་རིགས་གནད་དོན་ཐོག་ཁ་མཐུན་གྱི་ མེད་པ་མཚོན།

ཁོང་ ཚོས་ལག་ལྟར་བྱེད་བཞིན་པའི་ཐབས་ལམ་གཉིས་པ་དེ་ནི་བོད་མིར་མི་རིགས་དབྱེ་འབྱེད་ ཀྱི་སྲིད་བྱུས་དེ་ཡིན། ཉེ་བའི་ཆར་བྱུང་བའི་དེའི་དཔེ་མཚོན་ཁག་གཅིག་ནི་གཤམ་གསལ་ཡིན།

༡། དེང་རྒྱ་ནག་ནང་རྒྱ་རིགས་ཚོར་སྔར་ལས་ཆེ་བའི་སྨྲ་བརྗོད་དང་། འགྲོ་བསྐྱོད། འདུ་འཛོམས་སོགས་ཀྱི་རང་དབང་ཡོད་ལ་བོད་ཀྱི་ས་ཁུལ་ཁག་ལ་སྔར་ལས་དམ་དྲག་ཤུགས་ ཆེན་བཏང་ཞིང་བོད་ཡོངས་རྫོགས་བཙོན་ཁང་ཆེན་པོ་ལྟ་བུར་སྒྱུར་ཡོད།

༢། བར་སྐབས་ནས་རྒྱ་ནག་གིས་ཕྱི་སྐྱོད་ལག་ཁྱེར་རག་རྒྱུ་ལས་སླ་བ་བཟོས་ཞིང་རྒྱ་མི་ ཡིན་ན་ཕལ་ཆེར་བདུན་ཕྲག་གཅིག་ནང་ལག་ཁྱེར་གསར་པ་དེ་རག་ཐུབ་ཀྱི་ཡོད། འོན་ཀྱང་བོད་མི་ཚོར་དེང་ལག་ཁྱེར་རག་རྒྱུ་དཀའ་ཁག་ཆེ་རུ་ཕྱིན་ཡོད་པ་མ་ཟད་བོད་ མི་འགའ་ཞིག་ལ་ལག་ཁྱེར་ཡོད་པ་དེ་ཚོའང་ཕྱིར་བསྡུ་རུབ་བྱེད་པའི་གནས་སྟངས་ཡིན།

༣། ཉེ་ཆར་རྒྱ་ནག་ནས་སྤོབ་པའི་ཐོག་བོད་ནང་ཡུལ་སྐོར་སྤྲོ་འཁྱམས་ཡོང་མཁན་མང་དུ་ འགྲོ་ཡི་ཡོད་པ་དང་། ༢༠༡༢ ལོར་ལྷ་སར་ཡུལ་སྐོར་སྤྲོ་འཁྱམས་པ་གྲངས་འབོར་ས་ཡ་༦་༥བྱུང་ཡོད་པའི་གསལ་ བསྒྲགས་བྱས། འོན་ཀྱང་དེང་བོད་མི་ཚོར་ལྷ་ས་སོགས་བོད་ཀྱི་ས་ཁུལ་ཁག་ནང་འགྲུལ་བསྐྱོད་བྱེད་ རྒྱུར་དམ་དྲག་ཆེ་རུ་ཕྱིན་ཡོད། མདོ་ཁམས་སོགས་ནས་བོད་མི་ལྷ་སར་བསྐྱོད་འདོད་ཡོད་མཁན་ཚོས་ཉུང་ཐར་བཀའ་ཁྲོལ་མ་ འདྲ་བ་ཁག་བཞི་ཞུས་དགོས་ཡོད།

 

༤། རྒྱ་ནག་ནས་༢༠༡༢ལོར་ནག་ཉེས་ཁྲིམས་ལ་བསྐྱར་བཅོས་བྱས་ནས་དེ་ནང་འགྲོ་བ་མིའི་ ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆ་རྐྱེན་སོགས་ལེགས་བཅོས་ཀྱི་རྣམ་པ་ཡོད་པ་ ཕྱིར་བསྒྲགས་བྱེད་པའི་སྐབས་བོད་པའི་ཐོག་ཁྲིམས་དམ་དུ་བཏང་ཞིང་ད་ཆ་བོད་མི་རང་ ལུས་མེར་སྲེག་ལྟ་བུར་མཚོན་ན་ལས་འགུལ་དེ་ནག་ཉེས་ཡིན་པ་མ་ཟད་ལས་འགུལ་སྤེལ་ མཁན་གྱི་ནང་མི་དང་ངོ་ཤེས་སོགས་ཀྱང་ནག་ཉེས་ཡོད་པའི་སྡིག་ར་བསྐུལ་བཞིན་པའི་ དུས་ཡིན།

གོང་གི་གནས་སྟངས་དེས་དེང་བོད་མིའི་འཚོར་བ་གང་འདྲ་ཡོང་གི་ཡོད་མིན་གསལ་པོ་རྟོགས་ཐུབ།

ཁོང་གི་མཚན་ལ་གོ་དོན་ག་རེ་ཡོད་དམ།

དེང་ཨ་མེ་རི་ཀའི་སྤྱི་ཚོགས་ནང་འགྱུར་བ་ཡོང་གི་ཡོད་པ་གཅིག་ནི་བུད་མེད་ཚོས་གཉེན་སྒྲིག་བྱུང་རྗེས་རང་ཉིད་ཀྱི་མཚན་བེད་སྤྱོད་གནང་སྟངས་དེ་རེད། སྤྱིར་བཏང་ནུབ་ཕྱོགས་བུད་མེད་ཚོས་རང་ཉིད་ཀྱི་སྐུ་ཟླའི་མཚན་མཐའ་མ་དེ་བཞེས་སྲོལ་ཡོད་པ་མཁྱེན་གསལ་རེད། འོན་ཀྱང་དེང་བུད་མེད་བྱེ་མང་ནས་གཉེན་སྒྲིག་རྗེས་སུའང་རང་ཉིད་ཀྱི་མཚན་ཉར་བ་ཙམ་མ་ཡིན་པར་དེ་འདྲ་བྱེད་ཀྱི་ཡོད་པ་དེ་ཡང་མངོན་གསལ་བཟོ་གནང་གི་འདུག་ དཔེར་ན་ཉེ་ཆར་གྱི་ནིའུ་ཡོག་དུས་བབས་ནང་ཆང་སའི་དགའ་སྟོན་གྱི་གསལ་བསྒྲཌ་ནང་”མནའ་མས་རང་ཉིད་ཀྱི་མིང་མུ་མཐུད་ཉར་གྱི་རེད་”ཟེར་བ་མང་པོ་འདུག་ དེ་མ་ཚད་གསལ་བསྒྲཌ་གཅིག་ནང་གནའ་མས་ཟ་ཟླའི་མིང་ལེང་རྒྱུ་ཡིན་པ་དེ་ཡང་གནད་འགག་བྱས་ནས་བཤད་འདུག

དེ་མཐོང་བ་དང་གུས་པར་བོད་མི་དང་བོད་ཀྱི་རིག་གཞུང་དར་བའི་སྤྱི་ཚོགས་ནང་མིང་ཐོག་གི་གནས་སྟངས་ཐོག་བསམ་བློ་འཁོར་སོང་། སྔར་རྒྱུན་ཡིན་ན་མནའ་མ་དང་མག་པས་མི་ཚང་གི་མིང་ལེན་སྲོལ་ཡོད། དེ་མིན་སྤྱིར་མིང་ནས་མི་མཐོང་མ་མྱོང་ནའང་ཕོ་མོའི་དབྱེ་བ་གང་མཚམས་ཧ་གོ་བ་རེད། དཔེར་ན་གུས་པའི་མིང་བུ་ཆུང་དང་། བསྟན་པ། ནོར་རྒྱས་ལ་སོགས་ནི་ཕོ་མིང་ཡིན་པ་དང་། ཡང་བཟང་མོ་དང་། ནོར་འཛིན། སྒྲོལ་མ། སྒྲོལ་དཀར་ལྟ་བུ་ནི་མོ་མིང་ཡིན། ཡང་མིང་འགའ་ཞིག་སྔ་རྗེས་གང་དུ་ཡོད་མིན་ནས་ཕོ་མོའི་དབྱེ་བ་ཧ་གོ་ཐུབ། འོན་ཀྱང་བོད་ཀྱི་ས་ཁུལ་ཨ་མདོ་ལྟ་བུར་ཕོ་མིང་ལའང་”སྒྲོལ་མ་དང་སྒྲོལ་དཀར་”སོགས་ཡོད།

དེང་ལྷག་པར་དུ་ནུབ་ཕྱོགས་སུ་ཡོད་པའི་བོད་མིའི་ནང་རང་གི་ཟ་ཟླའི་མིང་མཐའ་མ་དེ་བེད་སྤྱོད་གནང་མཁན་བུད་མེད་བྱེ་མང་ཡོད་། ད་ཆ་མི་ཚང་མིང་དང་མག་པའི་མིང་མཐའ་མའི་དབར་དབྱེ་བ་གསལ་པོ་མེད་པའི་ཐོག་བོད་པའི་མནའ་མས་ཀྱང་རང་གི་ཟ་ཟླའི་མིང་མཐའ་མ་ལེན་སྲོལ་བྱུང་བའི་རྐྱེན་ཕོ་མོའི་དབྱེ་བ་ཧ་གོ་རྒྱུ་ཁག་ཏུ་ཕྱིན་འདུག་གོ

ཨོ་སྦ་མ། རོམ་ཎི་དང་ཨ་མེ་རི་ཀའི་བོད་མི་ཚོ།

ད་ཆ་ཨ་མེ་རི་ཀའི་སྤྱི་མཐུན་ཚོཌ་པའི་ངོས་ནས་ཨ་རིའི་སྲིད་འཛིན་འོས་མིར་སྐུ་ཞབས་མིཊ་རོམ་ཎི་ཐུགས་གཏན་འཁེལ་བ་ལྟ་བུ་ཡིན་དུས་ཨ་མེ་རི་ཀའི་བོད་མི་ཚོས་འདི་ལོའི་སྲིད་འཛིན་འོས་བསྡུའི་ཐོག་དགོངས་པ་གཏིང་ཟབ་བཞེས་རྒྱུ་དུས་ལ་བབས་ཡོད།

སྤྱིར་བཏང་ཨ་མེ་རི་ཀའི་ནང་ཕྱིའི་རྒྱལ་ཁབ་ནས་ཡུལ་མི་གསར་པ་ཆགས་མཁན་ཚོའི་གོམས་སྲོལ་གཅིག་ནི་རང་ཉིད་ཀྱི་འོས་སུ་ལ་འཕེན་དགོས་མིན་དེ་གནད་དོན་གཅིག་གི་ཐོག་ནས་ཐུགས་ཐག་གཅོད་ཀྱི་ཡོད་པ་དེ་རེད།  ཨ་རིའི་བོད་མི་ཚོར་གནད་དོན་དེ་ནི་དམངས་གཙོ་ཚོགས་པའི་འོས་མི་སྦ་རག་ཨོ་སྦ་མ་དང་སྤྱི་མཐུན་ཚོགས་པའི་འོས་མི་རོམ་ཎི་གཉིས་ནས་སུས་བོད་ཐོག་ལས་དོན་ཤུགས་ཆེ་བ་གནང་ཐུབ་མིན་དེ་ཡིན།  ཨ་རིའི་བོད་མིས་རང་ཉིད་ཀྱི་ལྟ་བའི་ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར་གནད་དོན་འདི་ཁོ་ནའི་ཐོག་ནས་འོས་བསྡུའི་སྐོར་ཐག་གཅོད་གནང་གི་ཡོད་པ་དེ་གསལ་པོ་རེད།  དེ་སྔ་གུས་རང་གི་ངོ་ཤེས་ནང་དམངས་གཙོ་ཚོགས་པའི་ལྟ་བ་ཡོད་མཁན་བོད་མིས་སྤྱི་མཐུན་ཚོགས་པའི་འོས་མི་འཇོར་རྗེ་སྦུ་ཤི་ལགས་སུ་འོས་འཕེན་གནང་མཁན་ཡོད།

ཨ་མེ་རི་ཀའི་བོད་མི་ཚོ་ནི་ཨ་རིའི་ནང་གི་མི་རིགས་ཉུང་ཤོས་ཤིག་ཡིན་རུང་ང་ཚོའི་ནུས་པ་དེ་མི་རིགས་གཞན་དང་མ་འདྲ་བ་ཡོད་པས་དེ་བེད་སྤྱོད་ལེགས་པོ་ཡོང་ཆེད་ཨ་རིའི་བོད་མི་ཚོས་རྒྱལ་ཁབ་འདིའི་ཆབ་སྲིད་གནད་དོན་ཐོག་དགོངས་པ་གཏིང་ཟབ་པ་བཞེས་ཐུབ་ཐབས་གནང་དགོས།  དཔེར་ན་འདི་ལོའི་སྲིད་འཛིན་གྱི་འོས་བསྡུའི་ཐོག་གྲ་སྒྲིག་ཡག་པོ་ཡོང་པར་འོས་མི་གཉིས་ཀྱི་དགོངས་པ་གང་ཡིན་མཁྱེན་ཐུབ་ཐབས་གནང་དགོས་ཡོད།  སྐུ་ཞབས་ཨོ་སྦ་མ་ཡིན་ན་ཁོང་ནས་སྲིད་འཛིན་ཐེངས་གཅིག་གནང་ཡོད་པའི་སྐབས་ད་ང་དེ་གོང་གྲོས་ཚོགས་འཐུས་མི་གནང་བའི་སྐབས་སུ་བོད་དོན་ཐོག་དགོངས་པ་ག་རེ་བཞེས་ཡོད་མིན་ལོ་རྒྱུས་ཐོག་ཡོད།  དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཨ་མེ་རི་ཀའི་སྲིད་འཛིན་གནང་འདོད་ཡོད་མཁན་ཚོར་བོད་དོན་ཐོག་དྲི་ཤོག་ཕུལ་བར་སྐུ་ཞབས་ཨོ་སྦ་མས་བཀའ་ལན་ཡང་གནང་ཡོད།

སྐུ་ཞབས་རོམ་ཎི་ནས་ད་བར་བོད་དོན་ཐོག་དགོངས་ཚུལ་ག་རེ་ཡིན་མེད་སྐོར་ལོ་རྒྱུས་མེད་པ་མ་ཟད་ང་ཚོའི་དྲི་ཤོག་ལ་ད་བར་བཀའ་ལན་གནང་མེད། ཡིནའང་ཁོང་ནས་ད་བར་འདུ་འཛོམས་དང་གསར་འགྱུར་བརྒྱུད་ལམ་ཐོག་རྒྱ་ནག་ཐོག་དགོངས་པ་བཞེས་ཕྱོགས་ཐོག་བཀའ་གནང་ཡོད།

འོན་ཀྱང་འོས་མི་གཉིས་ཀྱི་དྲ་ཚིགས་ཐོག་ཕེབས་ཡིན་ན་ཁོང་གཉིས་ཀྱི་རྒྱ་ནག་ཐོག་དགོངས་པ་བཞེས་སྟངས་ག་རེ་ཡིན་མིན་དང་དེ་བཞིན་འགྲོ་བ་མིའི་གནད་དོན་ཐོག་དགོངས་ཚུལ་ག་རེ་ཡིན་མིན་སོགས་སྐོར་མཁྱེན་ཐུབ། གལ་ཏེ་དེ་འདྲའི་གནད་དོན་སྐོར་དྲ་ཚིགས་ཐོག་གསལ་གྱི་མེད་ན་དེས་འོས་མི་དེས་གནད་དོན་གལ་ཆེན་པོ་རྩིས་ཀྱི་ཡོད་མིན་གསལ་པོ་ཡིན།

གང་ལྟར་འདི་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར་ཨ་རིའི་བོད་མིས་སྔར་ལགས་མཉམ་ཞུགས་གནང་ནས་རང་ཉིད་ཀྱི་འདེམས་པའི་ཡུལ་འདིའི་གནད་དོན་ཐོག་ཐུགས་སྣང་ཡོང་བའི་རེ་བ་ཡིན།

༢༠༡༡ ནི་བོད་དོན་ཐོག་འཕོ་འགྱུར་ཆེན་པོའི་ལོ།

ཟླ་༡༢ཚེས་༢༨ཉིན་ཝི་ཨོ་ཨེ་ཀུན་གླེང་ལས་རིམ་ཐོག་ལོ་འདིར་གནས་ཚུལ་བྱུང་རིམ་ཐོག་གླེང་མོལ་ནང་མཉམ་ཞུཌ་བྱས་པ་ཡིན། དེའི་བརྙན་འཕྲིན་གཤམ་ལ་ཡོད།

གུས་པའི་བསམ་པར་རྒྱུ་མཚན་འགའ་ཞིག་རྐྱེན་༢༠༡༡ལོ་ནི་བོད་ཀྱི་ལོ་རྒྱུས་ཐོག་འཕོ་འགྱུར་ཆེན་པོའི་ལོ་ཞིག་ཆགས་ཡོད། གལ་ཆེ་ཤོས་ཤིག་ནི་ལོ་འདིར་༧གོང་ས་ཏ་ལའི་བླ་མའི་བླ་བྲང་དང་བོད་མིའི་དབར་ལོ་རྒྱུས་ལྡན་པའི་འབྲེལ་བའི་གནས་སྟངས་དེར་འཕོ་འགྱུར་ཞིག་ཕྱིན་ཡོད། དེའི་ནང་༧སྐུའི་ཡང་སྲིད་གནས་སྟངས་ཐོག་༢༠༡༡ཟླ་༩ཚེས་༢༤ཉིན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཡང་ཚུད་ཡོད། དེའི་ཤུགས་རྐྱེན་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཙམ་མ་ཟད་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་རྗེས་འཇུག་པ་ཚང་མར་ཡོང་གི་རེད། གུས་པའི་བསམ་པར་འདི་ལོར་༧གོང་ས་མཆོག་གིས་འཕོ་འགྱུར་གནང་བ་ཁག་ནི་༧རྒྱལ་བ་སྐུ་ཕྲེངས་འདིའི་ཞི་རྒྱ་ཆེ་བའི་དགོངས་བཞེས་ཞིག་ཕྱག་ལེན་ལྟར་གནང་བ་རེད་བསམ།
དེ་བཞིན་ལོ་འདིར་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གནང་བའི་ལས་འགུལ་དེས་༡༩༥༩རྗེས་བོད་མིའི་ལས་འགུལ་གྱི་རྣམ་པར་འགྱུར་བ་འགྲོ་ཡི་ཡོད་པའི་རྟགས་རེད། དེ་ནི་བོད་མི་ཚོས་དགོངས་པ་བཞེས་དགོས་པའི་གནད་དོན་ཡིན་པ་མ་ཟད་རྒྱ་ནག་གཞུང་དང་མི་མང་ནས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་རེད།
འཕོ་འགྱུར་གཞན་ཞིག་ནི་བོད་མིའི་ཆབ་སྲིད་ལམ་ལུཌ་ལ་བྱུང་ཡོད་བཞིན། ལོ་འདིར་འོས་འདེམས་བྱུང་བའི་ཁྲིམས་བཟོ་དང་འཛིན་སྐྱོང་གི་དབུ་ཁྲིད་ཚོར་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་འགན་དབང་བྱུང་།

ཨ་རིའི་ནང་མི་རབས་གཅིག་དང་ཕྱེད་ཀ་

ཟླ་༡༡ཚེས་༢༤ནི་ཨ་མེ་རི་ཀའི་ནང་”བཀའ་དྲིན་རྗེས་དྲན་”གྱི་ཉིན་རེད། ཉིན་འདིར་ཨ་རི་བ་ཚོས་ཕྱི་དྲོའི་ཞལ་ལག་དམིགས་བསལ་བཟོས་ཞིང་དེ་སྐབས་ནང་མི་སྤུན་ཆེད་མཉམ་འཛོམས་གནང་ནས་རང་སོ་སོའི་གནས་སྟངས་དེར་དྲན་གསོ་དང་མཉམ་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད། ཨ་རིའི་བོད་མི་ཚོའི་ནང་དུས་ཆེན་འདི་གུང་གསེང་ཞིག་མ་གཏོགས་ལོ་རྒྱུས་ལམ་སྲོལ་སྲུང་རྩི་ཞུ་མཁན་ད་ལྟ་མང་པོ་ཨ་ཡོད།
ཉེ་ཆར་ཨ་རིའི་བོད་མི་ཞིག་གི་རྩོམ་ནང་ཁོང་ནི་ཨ་རིའི་མི་རབས་གཅིག་དང་ཕྱེད་ཀ་ཡིན་གསུངས་འདུག དེའི་གོ་དོན་ནི་ཨ་རིའི་ནང་མི་མང་གནས་སྤོས་བྱེད་སྟངས་དང་འབྲེལ་བ་ཡོད།
བཤད་སྲོལ་ལ་ཨ་མེ་རི་ཀ་ནི་ཡུལ་སྤོ་བྱེད་མཁན་གྱི་རྒྱལ་ཁབ་ཞིག་རེད་ཟེར། ལོ་རྒྱུས་ནང་གཟིཌ་པ་ཡིན་ན། སྣ་བོའི་ཡུལ་མི་”ཎེ་ཌིའུ་ཨ་མེ་རི་ཀན་”མིན་པར་གཞན་རྣམས་ཡུལ་འདིར་རྒྱལ་ཁབ་གཞན་ནས་གནས་སྤོ་བྱེད་ནས་ཡོང་བ་ཤ་རྟག་ཡིན། མང་ཆེ་བ་ནི་ཡུ་རོབ་ཁུལ་ཡིན།
ཨེ་ཤི་ཡ་ནས་ཡུལ་འདིར་མི་སྤོ་བའི་དུས་ནི་དུས་རབས་༡༨ནང་ཡིན་འདུག་ཞིང་ཐོག་མར་ཕི་ལི་པིཎ་ནས་ཡིན་ས་རེད།
༡༩༩༠ལོ་ནས་ཨེ་ཤི་ཡ་ནས་ཡིན་པ་རྣམས་མི་འབོར་གྲངས་ཤེར་ནང་”ཨེ་ཤི་ཡན་”ཞེས་གསལ་པོ་སྡེ་ཚན་ཐ་དད་ནང་གྲངས་ཤེར་གནང་འགོ་བཙུགས་པ་རེད། ༢༠༡༠ལོའི་མི་འབོར་གྲངས་ཤེར་ནང་ཨེ་ཤི་ཡན་ཨ་མེ་རིན་ཀན་གྲངས་འབོར་ནི་༡༤༦༧༤༢༥༢ཡིན་ཞིང་དེ་ནི་ཨ་རིའི་མི་འབོར་གྱི་བརྒྱ་ཆ་༤་༨ཡིན་འདུག
ཨེ་ཤི་ཡན་ཨ་མེ་རི་ཀན་ནི་སློབ་སྦྱོང་ལེགས་པོ་ཡོད་པའི་མི་ཚོགས་ཞིག་ལ་རྩིས་ཀྱི་ཡོད། སྐད་གྲགས་ཡོད་པའི་ཨེ་ཤི་ཡན་ཨ་མེ་རི་ཀན་ཁོངས་སུ་”ཡ་ཧུ་”སྦྱིན་བདག་རྗེ་རི་ཡང་། ལོཡི་སི་ཡ་ན་མངའ་སྡེའི་སྤྱི་ཁྱབ་སྦོ་སྦི་འཇིན་དལ། ཨ་རིའི་རྒྱ་ནག་ཏུ་གཞུང་ཚབ་སྒེ་རི་ལོག དེ་སྔ་གཞུང་གི་བློན་པོ་གནང་མྱོང་མཁན་ནོར་མན་མི་ཎེ་ཊ་དང་ཨེ་ལི་ཎ་ཆའོ་སོགས་ཡིན།་
མི་རབས་སྡེ་ཚན་དབྱེ་སྟངས་ནི། བཤད་སྲོལ་གཅིག་ལ་མི་རབས་དང་པོ་དེ་ནི་ཡུལ་གཞན་ནས་ཨ་རིར་མི་རྒན་པ་གནས་སྤོ་གནང་མཁན་ལ་གོ དཔེར་ན་༡༩༩༠ ལོ་ནས་ཨ་རིར་བོད་ཆིག་སྟོང་གནས་སྤོས་གནང་བ་ཚང་མ་མི་རབས་དང་པོ་རེད།
མི་རབས་གཅིག་དང་ཕྱེད་་ཀ་ཟེར་བ་དེ་སྐྱེས་ཡུལ་རྒྱལ་ཁབ་གཞན་ཡིན་རུང་ཨ་མེ་རི་ཀར་གནས་སྤོས་བྱེད་དུས་ན་གཞོན་ཙམ་ཡིན་པར་གོ་ཡི་ཡོད། མི་རབས་དེ་ཚོར་སོ་སོ་ཡོང་སའི་སྤྱི་ཚོགས་ཀྱི་གོམ་གཤིས་ལམ་སྲོལ་ཕྲན་བུ་ཤེས་རྟོགས་ཡོད་པར་བཤད། བོད་མི་ཡིན་ན་”ཆིག་སྟོང་”གི་ཕྲུ་གུ་ན་གཞོན་རྣམས་མི་རབས་གཅིག་དང་ཕྱད་ཀ་ཡིན།

“ཧེ་པི་ ཐེང་སི་སྒིཝིང་།”

ཉེ་ཆར་བོད་ཤར་ཕྱོགས་སུ་བྱུང་བའི་གནས་ཚུལ་དང་འབྲེལ་བའི་ཐོག་གུས་པའི་ཚོར་སྣང་།

བར་སྐབས་བོད་ཤར་ཕྱོགས་ནང་བོད་མི་ཚོས་༧གོང་ས་མཆོག་དང་བོད་པའི་སྤྱི་དོན་ཆེད་སྐུ་ལུས་ཀྱི་མཆོད་མེ་འབུལ་བཞིན་པ་དེའི་གཏིང་ཟབ་པའི་གོ་དོན་ང་ཚོས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན། དེ་ཞུ་དགོས་དོན་ནི་ཉེ་ཆར་བཞུགས་སྒར་ནས་བརྙན་འཕྲིན་ཞིག་ཐོག་བོད་མི་གཞོན་སྐྱེས་འགའ་ཞིག་གི་དེ་སྐོར་དགོངས་འཚུལ་གསུངས་པ་ཞིག་མཐོང་བྱུང་བས་གནད་དོན་དེར་ཐུགས་སྣང་ཡག་པོ་བྱུང་མེད་པའི་ཚོར་བ་བྱུང་།

ངའི་བསམ་པར་བར་སྐབས་བོད་ནང་བྱུང་བའི་གནད་དོན་དང་དེ་ཐོག་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བྱ་བ་སྤེལ་བ་སོགས་ཀྱིས་ཤུགས་རྐྱེན་ཁག་གསུམ་ཐེབས་འདུག་

དང་པོ་དེར་དེས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོའི་སྐྱིད་སྡུག་མཉམ་མྱོང་ཡིན་པའི་གནས་སྟངས་དེ་ཤུགས་ཆེ་རུ་བཟོ་འདུག  བོད་ནང་གནས་ཚུལ་བྱུང་རྗེས་ཕྱིར་བསྡོད་བོད་མི་ཚོའི་ནང་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་ནི་ང་ཚོའི་ས་ཁུལ་གྱི་བོད་མི་ཚོའི་ཐུགས་ཚོར་ནས་མཐོང་ཐུབ་ཀྱི་འདུག་ ཕལ་ཆེར་༢༠༠༨ལོར་བོད་ཡོངས་སུ་རྔམ་སྟོན་བྱུང་རྗེས་ཀྱི་ཚོར་བ་དང་འདྲ་པོ་འདུག་བསམ།

ཤུགས་རྐྱེན་གཉིས་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ལས་འགུལ་དེའི་ཁ་ཕྱོགས་གཞན་ཞིག་ཏུ་འགྲོ་སྲིད་པའི་གནད་དོན་དེ་བསམ་ཚུལ་ཙམ་མིན་པར་དངོས་སུ་ཡོང་སྲིད་པ་དེ་སྟོན་པ་རེད། འཛམ་གླིང་གི་གཞུང་ཁག་ནས་བོད་ནང་བྱུང་བཞིན་པའི་གནས་ཚུལ་ཐོག་ཐུགས་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དེ་འབྲེལ་ཡོད་མི་སྣ་ཚོས་བརྗོད་ཀྱི་འདུག

ཤུགས་རྐྱེན་གསུམ་པ་ནི་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་དེ་དྲག་རྩུབ་ཐོག་སེལ་རྒྱུའི་ཐབས་ལམ་དེ་འགྲིག་གི་མེད་པའི་དྲན་གསོ་ཆེན་པོ་ཞིག་རེད།

རྒྱ་ནག་གཞུང་གི་འགན་འཁུར་བ་འགའ་ཞིག་ནས་བོད་ནང་བོད་མི་ཚོའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་བཏང་བ་ཡིན་ན་འགྲིག་གི་ཡོད་བསམ་གྱི་ཡོད་རུང་དོན་དངོས་ཐོག་དེས་བོད་མིའི་འདོད་དོན་དེ་གསལ་པོ་རྟོགས་མེད་པ་དེ་དེང་གི་གནས་ཚུལ་ནས་སྟོན་ཡོད།

གནས་སྟངས་ཛ་དྲག་པོ་ཡིན་པའི་རྟགས་གཅིག་ནི་རྒྱ་ནག་ནང་ཡོད་པའི་མང་ཚོགས་དང་ལྷག་པར་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་ཉེ་ཆར་རྔ་པ་ཁུལ་དུ་བྱུང་བའི་གནས་ཚུལ་དེ་ཚོར་ཐུགས་ཚབ་དང་དེའི་འབྱུང་རྐྱེན་གང་ཡིན་མིན་ཐོག་བཀའ་མོལ་ཡོང་གི་ཡོད་པའི་གནས་ཚུལ་འདུག

གང་ལྟར་བོད་ནང་བཞུགས་མཁན་ཚོས་དགོངས་པ་གཏིང་ཟབ་ཀྱིས་ལས་འགུལ་དེ་འདྲ་སྤེལ་བའི་དུས་འདིར་ཕྱིར་ཡོད་བོད་མི་ཚོས་ཐོག་མར་གནས་ཚུལ་དེ་ལེགས་པོ་མཁྱེན་ཐུབ་ཐབས་གནང་རྒྱུ་དང་། དེ་ནས་ལས་འགུལ་གང་སྤེལ་རུང་ཕྲལ་སེལ་ཆབ་སྲིད་ཀྱི་དགོས་འཁོའི་ཆེད་དམ་ཡང་ན་རང་གི་ཆབ་སྲིད་ལངས་ཕྱོགས་ཆེད་མིན་པར་ཕུག་རྒྱང་རིང་པོའི་གནས་ཚུལ་ལ་གཟིགས་ནས་གནང་དགོས་ཡོད།

དེང་གི་སྤྱི་ཚོགས་ནང་བུ་ལོན་མེད་ན་ཕྱུག་པོ་ཆགས་ས་མ་རེད།

དེང་ཨ་མེ་རི་ཀའི་དཔལ་འབྱོར་གནས་སྟངས་དང་ལྷག་པར་ཡུལ་གྱི་བུ་ལོན་ཚད་མཚམས་སྐོར་གནས་ཚུལ་ཡོང་བཞིན་པའི་སྐབས་ཟིན་བྲིས་འདི་ཐོག་བསམ་བློ་འཁོར་སོང་། བོད་མིའི་བཤད་སྲོལ་གཅིག་ལ་བུ་ལོན་མེད་ན་ཕྱུག་པོ་ཡིན་ཟེར་བ་དེ་ཡིན་རུང་དེང་གི་སྤྱི་ཚོཌ་འགྲོ་ལུགས་ལ་བལྟས་ན་བཤད་སྲོལ་དེའི་གོ་དོན་ད་ཆ་ཏག་ཏག་མིན་པ་ཆགས་ཀྱི་འདུག དེང་གི་ཁྲོམ་རའི་དཔལ་འབྱོར་གྱི་སྤྱི་ཚོགས་ནང་བུ་ལོན་ནི་མི་ཚེའི་འགྲོ་ལུགས་ཀྱི་དམངས་གཞི་ཡིན། དཔེར་ན་ཨ་མེ་རི་ཀ་ལྟ་བུར་གསར་དུ་འབྱོར་བའི་མི་ཞིག་ཡུལ་འདིའི་ནང་མདུན་བསྐྱོད་བྱེད་འདོད་ཡོད་ན་”བུ་ལོན་ལོ་རྒྱུས་”ཞིག་གང་མགྱོག་བཟོ་ཐུབ་པ་དགོས་ཡོད། བུ་ལོན་ལོ་རྒྱུས་ཟེར་ན་མི་ཞིག་ནས་དངུལ་བུ་ལོན་ལེན་ནས་སྐྱིན་ཚབ་དུས་ཐོག་སྤྲད་ཐུབ་མིན་གྱི་ལོ་རྒྱུས་དེ་རེད།

བུ་ལོན་ལོ་རྒྱུས་མེད་དུས་ཚོང་པ་ཡིན་ན་དངུལ་ཁང་ནས་ཚོང་བརྒྱག་རྒྱུའི་མ་རྩ་གཡར་རྒྱུ་ཁག་པོ་ཆགས་པ་དང་། ཡང་ན་མོ་ཊ་དང་ཁང་པ་སོགས་ཉོ་འདོད་ཡོད་མཁན་ཚོར་དངུལ་རྐྱང་སྤྲད་ཐུབ་ཀྱི་ཡོད་ན་མ་གཏོགས་དེ་མིན་བུ་ལོན་ལེན་དགོས་ན་ལོ་རྒྱུས་མེད་ན་རག་གི་མེད་པ་རེད། དེ་བཞིན་མི་ཚང་མར་བུ་ལོན་ལོ་རྒྱུས་མེད་ན་དངུལ་ཚབ་”ཁེརི་ཌིཊ་ ཁརཊ”ཡང་བཟོ་རྒྱུ་ཡང་ཁག་པོ་ཡོད་པ་དེ་གུས་རང་ལ་ཐད་ཀར་མྱོང་ཚོར་ཡོད།

ཨ་མེ་རི་ཀ་ནང་ལོ་རྒྱུས་དེ་ཉར་མཁན་ཚོགས་པ་གཙོ་བོ་གསུམ་ཡོད་བཞིན་བུ་ལོན་ལེན་མཁན་ཚང་མའི་ལོ་རྒྱུས་ཚོང་སྡེ་ཁག་ནས་ཁོང་ཚོར་བཏང་དགོས་ཀྱི་ཡོད།ཨ་རི་དབུས་གཞུང་གི་ཚོང་འབྲེལ་ལྷན་ཚོགས་ནས་བུ་ལོན་ལོ་རྒྱུས་གནས་སྟངས་ཐོག་སྟངས་འཛིན་གནང་གི་ཡོད་བཞིན་སུ་ཞིག་གིས་རང་ཉིད་ཀྱི་བུ་ལོན་ལོ་རྒྱུས་གནས་ཚད་གང་འདྲ་ཡིན་མིན་ལྷན་ཚོགས་དེ་ནས་རག་ཐུབ

ཁོ་ཁོ་ཀོ་ལའི་ཁྱབ་བསྒྲགས་འདི་བོད་པ་དང་རྒྱ་མིའི་སྐོར་རེད་འདུག་གམ།

ཨ་མེ་རི་ཀའི་ཆུ་མངར་མོ་ཁོ་ཁོ་ཀོ་ལའི་བཟོ་གྲ་ནས་ཉེ་ཆར་ཁྱབ་བསྒྲགས་འདི་འགྲེམས་སྤེལ་བྱེད་འདུག འགའ་ཞིག་གིས་འདི་ནི་རྒྱ་མིས་བོད་ལ་བཙན་གནོན་བྱེད་པའི་གོ་རྒྱུ་ལེན་རྒྱུ་ཡོད་པ་གསུངས་ཀྱི་འདུག འབྲུག་ཞིག་ནས་ཆོས་ཀྱི་དར་ལྕོག་སྒྲེང་བའི་རྫོང་ཞིག་ལ་བཙན་འཛུལ་བྱེད་པ་དེ་ནི་རྒྱ་མིས་བོད་ལ་དེ་འདྲ་བྱས་པ་དང་འདྲ་ཟེར་མཁན་འདུག ཁྱབ་བསྒྲགས་འདི་ནང་མཐའ་མ་”བོད་མི་” ནས་”རྒྱ་མི་”་དབང་དུ་འདུ་བ་ལྟ་བུ་འདུག ཁྱེད་ནས་ག་རེ་དགོངས་ཀྱི་ཡོད་དམ།