ཀ་བློན་སྦུག་ཏུ་ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མེད་པའི་གནས་སྟངས་ག་དུས་ནས་བྱུང་བ་ཡིན་ནམ།

ཀ་བློན་སྦུག་ཏུ་ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མེད་པའི་གནས་སྟངས་ག་དུས་ནས་བྱུང་བ་ཡིན་ནམ།

 བུ་ཆུང་ཀེ་ཚེ་རིང་།

ཐོག་མར་ཀ་བློན་སྦུག་བོད་མིའི་སྐོར་གནས་ཚུལ་འདི་གཟིགས་དང་། “བོད་པའི་བུ་མོ་སློབ་གྲ་ལ་འགྲོ་མཁན་ནི་ཉི་ཤུ་ལྷག་ཙམ་ཡོད་ཚོད་འདུག ། དེ་དག་རྣམས་བོད་ཡིག་ཕར་བཞག་བོད་སྐད་ཀྱང་ཤེས་ཀྱི་ཨེ་ཡོད། ག་དུས་བལྟས་ཀྱང་གོར་སྐད་ཁོ་ན་མ་གཏོགས་ལབ་པ་མ་མཐོང་། ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མི་འདུག །”

གལ་ཏེ་ཁྱེད་ཀ་བློན་སྦུག་དང་ རྡོ་རྗེ་གླིང་། སྒང་ཏོག་(ཀ་རྡོར་སྒང་)གསུམ་སོགས་སུ་ཕེབས་མྱོང་མཁན་ཞིག་ནས་ད་ལྟའི་གནས་སྟངས་དེ་འདྲ་ཡིན་པ་མཁྱེན་ཐུབ། འོན་ཀྱང་གོང་འཁོད་གནས་ཚུལ་དེ་ནི་དེང་གི་མིན་པར་༡༩༣༣ལོའི་སྐབས་ཀྱི་ཡིན་པ་ནི་གཤམ་གྱི་ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཚགས་པར་གྱི་གསར་འགྱུར་ནས་གཟིགས་ཐུབ།  དེ་ནི་དབྱིན་སྐད་བཤད་སྲོལ་ལ་”དངོས་པོ་རྣམས་འཕོ་འགྱུར་ཇི་ཙམ་ཕྱིན་རུང་དེ་ཙམ་གྱི་འགྱུར་ལྡོག་མེད་པར་གནས་”ཟེར་བ་ལྟ་བུ་རེད་འདུག་གོ

ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་།

ལོ། ༧ ཨང་། ༦ ཀ་སྦུག་ནས་བོད་ཟླ་༥ ཚེས་༡ ལ།

དབྱིན་ཟླ་༦ ཏ་རིག་༢༤ ༡༩༣༣འདས་ལོ་ཉིན།

།ཀ་སྦུག་བུ་མོའི་སློབ་གྲ།

།ཀ་སྦུག་ཏུ་བུའི་སློབ་གྲ་ཆེ་བ་ཡོད་པ་ལྟར་བུ་མོ་ཚོའི་སློབ་གྲའང་ཡོད། མ་ཟད་སླད་ཕྱིན་བུ་མོ་ཚོའང་སློབ་གྲ་ཆེན་པོའི་རྒྱུགས་ཐོན་མཚམས་བུའི་སློབ་གྲ་ཀོ་ལེཇེ་གསར་འཛུག་བྱས་པར་བུ་བུ་མོ་དབྱེར་མེད་སློབ་སྦྱོང་བྱེད་ཐུབ། དེང་གཞུང་གི་བཀའ་ལྟར་སློབ་གྲ་ཆེན་པོ་ཧའི་སིཀུལི་དུ་སློབ་མ་རྣམས་ནས་རང་སྐད་ཀྱང་སློབ་སྦྱོང་བྱེད་ཆོག་ཅིང་རྡོར་གླིང་གཞུང་གི་སློབ་གྲར་བོད་ཡིག་དགེ་རྒན་༣ཡོད་འདུག ། ཀ་སྦུག་བུའི་སློབ་གྲར་༡ཡོད། དེར་བོད་ཕྲུག་རྣམས་ནས་བོད་ཡིག་ཀྱང་སླབ་དགོས། འོན་ཀྱང་ཀ་སྦུག་བུ་མོ་ཚོའི་སློབ་གྲར་ད་བར་བོད་ཡིག་སློབ་སྲོལ་མི་འདུག ། བོད་པའི་བུ་མོ་སློབ་གྲ་ལ་འགྲོ་མཁན་ནི་ཉི་ཤུ་ལྷག་ཙམ་ཡོད་ཚོད་འདུག ། དེ་དག་རྣམས་བོད་ཡིག་ཕར་བཞག་བོད་སྐད་ཀྱང་ཤེས་ཀྱི་ཨེ་ཡོད། ག་དུས་བལྟས་ཀྱང་གོར་སྐད་ཁོ་ན་མ་གཏོགས་ལབ་པ་མ་མཐོང་། ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མི་འདུག ། འདི་སྐོར་སྔོན་དུ་ཡང་གསར་འགྱུར་ཞུས་པ་ཡིན་ཏེ། སུ་ནས་ཀྱང་འདིའི་སྐོར་སྣང་དག་གནང་མི་འདུག ། འདི་ལྟར་རང་དུ་གནས་ན་ལོ་༥༠ཙམ་རྗེསུ་འདི་ཁུལ་ཡོད་རིགས་བོད་ཀྱི་བུ་མོ་རྣམས་དང་དེ་ཚོའི་བུ་ཕྲུག་རྣམས་བོད་སྐད་ཙམ་མི་ཤེས་བར་འགྱུར་ངེསོ།། འདི་སྐོར་འདི་ཁུལ་ཕ་མ་ཚོ་ནས། ཡང་ན་བོད་སྤྱིའི་ལྷན་རྒྱས་ནས་རང་རེའི་བུ་མོ་རྣམས་རང་སྐད་མི་བརྗེད་པའི་ཐབས་ད་ལྟ་ནས་གནང་ན་མི་ལེགས་སམ ? དེ་ལྟར་ཐབས་གནང་ཚེ་ཚང་མ་ནས་བུ་མོ་ཚོའི་སློབ་གྲའི་སྤྱི་ཁྱབ་ལ་སྙན་ཞུ་ཕུལ་ཏེ་ངེད་བོད་ཀྱི་བོུ་རྣམས་ལའང་རང་ཡིག་བོད་ཡིག་སློབ་ཐབས་ཞུ་ན་གསན་བཞེས་ཤིག་མི་འབྱུང་ངམ་ཅེས་རྨོངས་གཏམ་དུ་བྲིསོ།

Advertisements

ལ་དགས་ཀྱི་གློག་བརྙན་”སྐལ་བ་”

ཉེ་ཆར་གུས་ནས་ལ་དགས་ཀྱི་གློག་བརྙན་”སྐལ་བ་”ཟེར་བ་ཞིག་ལྟས། སྤྱི་ཡོངས་ནས་གུས་པས་བོད་པ་དང་། འབྲུག་པ་ལ་སོཌ་ནས་བཟོས་པའི་གློག་བརྙན་འགའ་ཞིག་ལྟ་མྱོང་བའི་ཉམས་མྱོང་ཐོག་བཤད་ན་”སྐལ་བ་”དེ་འཁྲབ་མཁན་ཚོའི་བྱ་སྤྱོད་དང་། གློག་བརྙན་གྱི་སྤུས་ཀ་སོགས་གང་སྤྱིའི་ཐོག་ནས་གང་ལེགས་འདུག སྐད་དེ་ཡག་པོ་ཉན་ན་བོད་པས་ཀྱང་གོ་ཐུབ་ཀྱི་འདུག་ སྒྲུང་དེ་ཡང་ཧི་མ་ལ་ཡ་ཁུལ་གྱི་གློག་བརྙན་ནང་ནས་རིམ་པ་མཐོ་བ་་ཡིན་པ་རྩིས་ཆོག་གི་འདུག་ གྲོགས་པོ་གཉིས་དབར་མཛེས་མ་གཅིག་ལ་སེམས་པ་ཤོར་དུས་གནས་སྟངས་གང་འདྲ་ཡོང་སྲིད་པ་དེ་འགྲེལ་བརྗོད་ཆེད་གྲོགས་པོ་དེ་གཉིས་ནས་དཀའ་སྡུག་མྱོང་སྟངས་དང་། གཞས་ཀྱི་བརྒྱུད་ནས་རང་གི་ཚོར་བ་སྟོན་པ་བྱས།

ལྷག་པར་དུ་བུད་མེད་གཙོ་བོ་འཁྲབ་མཁན་དེའི་རྣམ་གྱུར་དང་འཁྲབ་བཟོ་ལེགས་པོ་འདུག་ དམག་རྒྱབ་བཞིན་པའི་གནས་སྟངས་དང་གཞས་གཏོང་བཞིན་པའི་སྐབས་རྒྱ་གར་གྱི་”སྦོ་ལི་འུཊ་”གློག་བརྙན་ལྟ་བུ་འདུག་

གློག་བརྙན་འདི་གཟིགས་དང་།

 

 

ཁོང་གི་མཚན་ལ་གོ་དོན་ག་རེ་ཡོད་དམ།

དེང་ཨ་མེ་རི་ཀའི་སྤྱི་ཚོགས་ནང་འགྱུར་བ་ཡོང་གི་ཡོད་པ་གཅིག་ནི་བུད་མེད་ཚོས་གཉེན་སྒྲིག་བྱུང་རྗེས་རང་ཉིད་ཀྱི་མཚན་བེད་སྤྱོད་གནང་སྟངས་དེ་རེད། སྤྱིར་བཏང་ནུབ་ཕྱོགས་བུད་མེད་ཚོས་རང་ཉིད་ཀྱི་སྐུ་ཟླའི་མཚན་མཐའ་མ་དེ་བཞེས་སྲོལ་ཡོད་པ་མཁྱེན་གསལ་རེད། འོན་ཀྱང་དེང་བུད་མེད་བྱེ་མང་ནས་གཉེན་སྒྲིག་རྗེས་སུའང་རང་ཉིད་ཀྱི་མཚན་ཉར་བ་ཙམ་མ་ཡིན་པར་དེ་འདྲ་བྱེད་ཀྱི་ཡོད་པ་དེ་ཡང་མངོན་གསལ་བཟོ་གནང་གི་འདུག་ དཔེར་ན་ཉེ་ཆར་གྱི་ནིའུ་ཡོག་དུས་བབས་ནང་ཆང་སའི་དགའ་སྟོན་གྱི་གསལ་བསྒྲཌ་ནང་”མནའ་མས་རང་ཉིད་ཀྱི་མིང་མུ་མཐུད་ཉར་གྱི་རེད་”ཟེར་བ་མང་པོ་འདུག་ དེ་མ་ཚད་གསལ་བསྒྲཌ་གཅིག་ནང་གནའ་མས་ཟ་ཟླའི་མིང་ལེང་རྒྱུ་ཡིན་པ་དེ་ཡང་གནད་འགག་བྱས་ནས་བཤད་འདུག

དེ་མཐོང་བ་དང་གུས་པར་བོད་མི་དང་བོད་ཀྱི་རིག་གཞུང་དར་བའི་སྤྱི་ཚོགས་ནང་མིང་ཐོག་གི་གནས་སྟངས་ཐོག་བསམ་བློ་འཁོར་སོང་། སྔར་རྒྱུན་ཡིན་ན་མནའ་མ་དང་མག་པས་མི་ཚང་གི་མིང་ལེན་སྲོལ་ཡོད། དེ་མིན་སྤྱིར་མིང་ནས་མི་མཐོང་མ་མྱོང་ནའང་ཕོ་མོའི་དབྱེ་བ་གང་མཚམས་ཧ་གོ་བ་རེད། དཔེར་ན་གུས་པའི་མིང་བུ་ཆུང་དང་། བསྟན་པ། ནོར་རྒྱས་ལ་སོགས་ནི་ཕོ་མིང་ཡིན་པ་དང་། ཡང་བཟང་མོ་དང་། ནོར་འཛིན། སྒྲོལ་མ། སྒྲོལ་དཀར་ལྟ་བུ་ནི་མོ་མིང་ཡིན། ཡང་མིང་འགའ་ཞིག་སྔ་རྗེས་གང་དུ་ཡོད་མིན་ནས་ཕོ་མོའི་དབྱེ་བ་ཧ་གོ་ཐུབ། འོན་ཀྱང་བོད་ཀྱི་ས་ཁུལ་ཨ་མདོ་ལྟ་བུར་ཕོ་མིང་ལའང་”སྒྲོལ་མ་དང་སྒྲོལ་དཀར་”སོགས་ཡོད།

དེང་ལྷག་པར་དུ་ནུབ་ཕྱོགས་སུ་ཡོད་པའི་བོད་མིའི་ནང་རང་གི་ཟ་ཟླའི་མིང་མཐའ་མ་དེ་བེད་སྤྱོད་གནང་མཁན་བུད་མེད་བྱེ་མང་ཡོད་། ད་ཆ་མི་ཚང་མིང་དང་མག་པའི་མིང་མཐའ་མའི་དབར་དབྱེ་བ་གསལ་པོ་མེད་པའི་ཐོག་བོད་པའི་མནའ་མས་ཀྱང་རང་གི་ཟ་ཟླའི་མིང་མཐའ་མ་ལེན་སྲོལ་བྱུང་བའི་རྐྱེན་ཕོ་མོའི་དབྱེ་བ་ཧ་གོ་རྒྱུ་ཁག་ཏུ་ཕྱིན་འདུག་གོ

ལྡི་ལི་ཁྲིམས་ཁང་ནས་བོད་མི་ཞིག་རྒྱ་གར་མི་སེར་ཡིན་མིན་ཐོག་ཁྲིམས་གཅོད་ཀྱི་སློབ་གསོ།

ལྡི་ལི་ཁྲིམས་ཁང་ཆེན་མོའི་ལས་རྟགས།

༢༠༡༠ ཟླ་༡༢ ཚེས་༢༢ ཉིན་ལྡི་ལིའི་ཁྲིམས་ཁང་ཆེན་མོས་བོད་རིགས་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་རྒྱ་གར་ཕྱིར་བསྐྱོད་ལག་འཁྱེར་རག་མིན་སྐོར་ལ་ཁྲིམས་སའི་བཅད་མཚམས་གནང་བ་༼ཁྲིམས་གཅོད་ཨང་ W.P.(C) 12179/2009 ༽ དེར་རྒྱ་གར་ནང་འཁྲུངས་པའི་བོད་མི་ན་གཞོན་ཚང་མས་ཐུགས་སྣང་དགོས་པའི་གནད་དོན་ཞིག་རེད་འདུག
ཁྲིམས་བརྩོད་དེའི་སྙིང་དོན་ནི་རྒྱ་གར་དུ་སྐྱེ་བའི་བོད་ཁྲུག་ཞིག་ཁྲིམས་ཐོག་ནས་རྒྱ་གར་གྱི་ཆབ་འབངས་ལ་ངོས་འཛིན་བྱེད་ཀྱི་ཡོད་མིན་དེ་རེད།
ཁྲིམས་དཔོན་ནས་ཁྲིམས་གཅོད་གནང་བ་ལྟར་ན་གཤམ་གསལ་ཁག་གསལ་པོ་བཟོ་འདུག
༡༽ བོད་མི་ཞིག་གལ་ཏེ་རྒྱ་གར་ནང་༡༩༥༠ ཟླ་༡ ཚེས་༢༦རྗེས་དང་༡༩༨༧ཟླ་༧ཚེས་༡ གོང་ལ་སྐྱེ་ཡོད་ན་རྒྱ་གར་གྱི་ཆབ་འབངས་ཁྲིམས་ཡིག་༼ལེའུ་༣(༡)(ཀ་)༽གཞིར་བཟུང་གིས་རྒྱ་གར་གྱི་ཆབ་འབངས་ཡིན་པ་དང་དེ་དང་འབྲེལ་བའི་ཐོབ་ཐང་ཚང་མ་སྤྲད་དགོས་ཡོད།
༢༽དེ་འདྲ་བའི་ཆབ་འབངས་ཁྲིམས་ཡིག་༼ལེའུ་༣(༡)(ཀ་)༽གཞིར་བཟུང་གིས་རྒྱ་གར་གྱི་ཆབ་འབངས་ཡིན་པ་བོད་མི་ཞིག་ནས་རྒྱ་གར་ཆབ་འབངས་ཡོང་རྒྱུའི་སྙན་ཞུ་ཡང་འབུལ་དགོས་ཀྱི་མེད། ཁྲིམས་ཡིག་གི་ལེའུ་དེའི་ནང་རྒྱ་གར་ནང་༡༩༥༠ ཟླ་༡ ཚེས་༢༦རྗེས་དང་༡༩༨༧ཟླ་༧ཚེས་༡ གོང་ལ་སྐྱེ་བའི་གང་ཟག་སུ་རུང་རྒྱ་གར་གྱི་ཆབ་འབངས་ཡིན་གསལ་ཡོད།
༣༽ རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་༡༩༥༩ཟླ་༣རྗེས་རྒྱ་གར་དུ་འབྱོར་བའི་བོད་མི་ཚོར་ཆབ་འབངས་ཁྲིམས་ཡིག་༼ལེའུ་༦(༡)༽གཞིར་བཟུང་གིས་ཆབ་འབངས་ཐོབ་ཐང་སྤྲོད་རྒྱུ་མིན་པའི་སྲིད་བྱུས་ཐག་གཅོད་དེ་གནད་དོན་འདིར་འབྲེལ་བ་མེད། ངས་འདིའི་གོ་དོན་ལེན་རྒྱུ་ནོར་མེད་ན་ཁྲིམས་ཁང་ནས་བོད་ནས་རྒྱ་གར་དུ་འབྱོར་བའི་བོད་མི་ཞིག་དང་རྒྱ་གར་དུ་སྐྱེ་བའི་བོད་མི་ཞིག་དབར་ཁྱད་པར་ཡོད་པ་སྟོན་གནང་ཡོད་འདུག
༤༽བོད་མི་ཞིག་ལ་ངོ་སྤྲོད་ལག་འཁྱེར་༼པ་སེ་སེར་པོའམ་IC༽ཡོད་པ་དེ་ནི་རྒྱ་གར་གྱི་ཕྱིར་བསྐྱོད་ལག་འཁྱེར་(Passport)མ་གནང་རྒྱུའི་ཁུངས་ལྡན་རྒྱུ་མཚན་མིན།

དེ་འདྲ་སོང་གོང་བརྗོད་དུས་ཚོད་ནང་རྒྱ་གར་དུ་སྐྱེ་བའི་བོད་མི་ཚོས་རྒྱ་གར་གྱི་ཆབ་འབངས་བཞེས་འདོད་ཡོད་ན་ཁྲིམས་གཅོད་འདི་ནི་བྱུང་སྲོལ་ལ་བཞག་ན་གོ་སྐབས་ཞིག་ཡོད་པ་མཐོང་། གལ་ཆེ་བའི་གནད་དོན་གཅིག་ནི་གང་ཟག་དེར་སྐྱེས་ཚེས་ལག་འཁྱེར་ཁུངས་ལྡན་དང་། ཁྲིམས་མཐུན། དེ་བཞིན་ངོས་འཛིན་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་དེ་བརྗོད་མི་དགོས་པ་ཡིན།

གོང་གསལ་ལྡི་ལི་ཁྲིམས་ཁང་གི་ཁྲིམས་གཅོད་ཡིག་ཆ་ཚང་མ་འདིར་གཟིགས་ཐུབ།

རྒྱ་གར་དང་རྒྱ་ནག་གི་མཉམ་སྦྲེལ་གསལ་བསྒྲཌ་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལ་དཔྱད་ཞིབ།

ཟླ་༡༢ ཚེས་༡༦ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་དང་རྒྱ་ནག་སྲིད་བློན་གཉིས་ནས་ཆེས་མཐོའི་ཚོགས་གནང་རྗེས་མཉམ་སྦྲེལ་གསལ་བསྒྲགས་ཞིག་ཁྱབ་བསྒྲགས་གནང་ཡོད་ཞིང་དེའི་གོ་དོན་འགའ་ཞིག་ཡོད་པ་གསལ་པོ་འདུག
གཅིག་ནི་རྒྱ་གར་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་སྟངས་དེ་ཕྱོགས་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་ཐོག་ནས་རྒྱ་ནག་མཉམ་བཀའ་བསྡུར་གནང་ཡོད་པར་མངོན། དེ་སྔར་ཡིན་ན་རྒྱ་གར་ནང་དུ་རྒྱ་ནག་ཐོག་ལ་གཟིགས་ཚུལ་གཉིས་ཡོད། གཅིག་ནི་རྒྱ་ནག་་ཡག་པོ་ཞེ་དྲག་ཡོད་པའི་ཚོར་བ་༿ཧིན་རྡུ་ཅི་ནི་སྦཡེ་སྦཡེ་༽་གཞན་ནི་རྒྱ་ནག་སྡུག་པོ་ཞེ་དྲག་ཡོད་པའི་ཚོར་བ་ཡོད། དེ་མཉམ་རྒྱ་གར་གཞུང་གི་མི་སྣའི་ནང་རྒྱ་གར་རྒྱ་ནག་ལས་ཞན་པ་ཡོད་པའི་གཟིགས་ཚུལ་ཡོད་མཁན་ཡོད། དེ་ཚོ་ཚང་མས་རྒྱ་གར་ནས་རྒྱ་ནག་དང་མཉམ་དུ་བཀའ་མོལ་གནང་དུས་དངོས་ཡོད་གནས་ཚུལ་ལ་གཟིགས་མ་ཐུབ་པའི་དཀའ་ངལ་བྱུང་ཡོད་།
གནད་དོན་དཔྱད་ཞིབ་པ་ཚང་མས་ད་རེས་ཕྱོགས་གཉིས་ཀྱི་ཚོགས་འདུར་རྒྱ་གར་ནས་གདེང་ཚོད་ཡོད་པའི་ཐོག་ནས་བཀའ་མོལ་གནང་ཡོད་པ་དེ་གཟིགས་ཀྱི་འདུག Continue reading “རྒྱ་གར་དང་རྒྱ་ནག་གི་མཉམ་སྦྲེལ་གསལ་བསྒྲཌ་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལ་དཔྱད་ཞིབ།”

སྦེ་ལི་ཀོ་པི་སྐོར་གཅིག་བཤད་འདོད་བྱུང་།

སྦེ་ལ་ཀོ་པའི་གཞིས་ཆགས་ཀྱིས་སེར་བྱེས་ཟ་ཁང་གི་མདུན་གྱི་ལམ་ཆེན་ཀྱི་འདྲ་དཔར་ཞིག དྲ་ཚིགས་ཞིག་ཐོག་འདུག་

བདུན་ཕྲག་གཉིས་རིང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་རྙིང་ཤོས་གྲས་ལུགས་བཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་གཉིས་སུ་བོད་དང་འབྲེལ་བའི་འདུ་འཛོམས་གལ་ཆེ་འགའ་ཞིག་གནང་གི་ཡོད་པའི་རྐྱེན་ས་གནས་དེར་རྒྱ་གར་ཙམ་མ་ཟད་འཛམ་གླིང་ཡོངས་སུ་དོ་སྣང་ཡོང་རྒྱུ་ཡིན། ༢༠༡༠ ཟླ་༨ཚེས་ ༢༦ ནས་ ༣༡ བར་་”བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་” དེ་ཚོགས་ཀྱི་ཡོད་པ་དང་།
ཟླ་ ༩ ཚེས་ ༡ ཉིན་ས་གནས་སུ་ཡོད་པའི་གདན་ས་སེར་རའི་སེར་སྨད་ཐོས་བསམ་ནོར་གླིང་གྲ་ཚང་དུ། བོད་གཞུང་དམངས་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༢ ཉིན་སེར་བྱེས་གྲ་ཚང་གི་༧རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ། ལོ་ ༥༠ འཁོར་བའི་དུས་དྲན་རྒྱས་པ་སྲུང་གཙི་དང་འབྲེལ་བོད་མི་ཡོངས་ནས་༧གོང་ས་ མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད་འདུག

འདུ་འཛོམས་དེ་ཚོར་བོད་མི་ཙམ་མ་ཟད་རྒྱ་གར་དང་ཕྱི་རྒྱལ་ནས་སྐུ་མགྲོན་མང་པོ་ཕེབས་གནང་གི་ཡོད་པའི་གནས་ཚུལ་འདུག

གུས་རང་ཆུང་དུས་ཚར་ལོང་བྱེད་ས་དེ་ས་ཁུལ་དེར་ཡིན་པའི་གནད་དོན་དེར་དོ་སྣང་དམིགས་བསལ་བྱེད་བཞིན་ཡིན། ཚོགས་འདུ་འདི་ཚོའི་ཐོག་ང་ཚོར་གནས་ཚུལ་ཉིན་རེ་བཞིན་ཡོང་གི་རེད་དེ་ཟིན་བྲིས་འདིར་ས་ཁུལ་གྱི་མིང་ཐོག་འགྲེལ་བརྗོད་བྱེད་འདོད་བྱུང་།

༧གོང་ས་མཆོག་ནས་གཞིས་ཆགས་གཉིས་སུ་དངོས་གཞིའི་མིང་གནང་བ་ནི་གཞིས་ཆགས་”རྙིང་པ་”ལ་ལུགས་བཟུང་བསམ་གྲུབ་གླིང་དང་”གསར་པ་”་ལ་བདེ་སྐྱིད་སླར་གསོ་རེད་། གཞིས་ཆགས་མི་མང་གི་ཁ་རྒྱུན་ལ་གཞིས་ཆགས་རྙིང་པ་དང་གསར་པ་ཟེར་བ་མ་གཏོགས་དངོས་གཞིའི་མིང་འབོད་སྲོལ་མེད་། གཞིས་ཆགས་”གསར་པ་” དེ་ཡང་༡༩༦༩ ལོར་འགོ་བཙུགས་པ་ཞིག་ཡིན་པས་ད་ཆ་ལོ་༤༠ ལྷག་ཕྱིན་པའི་”གསར་པ་རེད་།
གཞིས་ཆགས་རེ་རེའི་ནང་གྲོང་སྡེ་”ཀེམ”མང་པོ་ཡོད་ཞིང་གཞིས་ཆགས་རྙིང་པའི་གྲོང་སྡེའི་མིང་རྒྱ་གར་སྐད་དུ་ཡོད་། དཔེར་ན་ངའི་ཕ་མ་གནས་ཡུལ་དེ་ཀེམ་གཉིས་པ་ཡིན་ཞིང་དེའི་མིང་ནི་”ཀེ་ལ་སི་པུ་ར་”རེད་། གཞིས་ཆགས་གསར་པའི་གྲོང་སྡེ་ཁག་གི་མིང་བོད་སྐད་དུ་ཡོད་། དཔེར་ན་བྱམས་པ་གླིང་ལྟ་བུ་ཡིན།
ཡང་གཞིས་ཆགས་ཀྱི་གཙོ་འཛིན་”དོན་གཅོད་”ཀྱི་ཡག་ཚང་ལ་ཕལ་སྐད་ལ་”ལས་ཁུངས་”ཞེས་འབོད་ཀྱི་ཡོད་།

ཡང་ཡོང་གྲགས་སུ་བོད་མི་ཚོས་མེ་སོར་གཞིས་ཆགས་ཞེས་ཡང་འབོད་སྲོལ་ཡོད་། དེ་ནི་གཞིས་ཆགས་གནས་ཡུལ་གྱི་མངའ་སྡེ་དེའི་མིང་ཐོག་མ་དེ་ནི་མེ་སོར་ཡིན་པ་དང་དེ་བཞིན་ཉེ་འགྲམ་གྲོང་ཁྱེར་ཆེ་བ་དེ་ཡང་མེ་སོར་ཡིན་པའི་རྐྱེན་ཡིན་གྱི་རེད་བསམ།

གཞིས་ཆགས་གཉིས་ཆགས་ཡུལ་དེ་ནི་རྒྱ་གར་གྲོང་གསེབ་”སྦེལ་ཀོབ་པ་”རུ་ཡིན་སྟབས་མིང་གཞན་ཞིག་ནི་”སྦེལ་ཀོབ་གཞིས་ཆགས་”ཡང་འབོད་། ཡུལ་མི་ཚོས་སྦེལ་ཀོབ་པ་འབོད་རུང་བོད་སྐད་དུ་ཡི་གེའི་ནང་ཕལ་མོ་ཆེས་”སྦེལ་ཀོབ་༼”མེ་སོར་སྦེལ་ཀོབ་༽གསུངས་པ་དང་ཕལ་སྐད་ཐོག་སྦེ་ལི་ཀོ་པི་གསུངས་ཀྱི་ཡོད་།

ད་ལམ་འདུ་འཛོམས་དེར་ཕེབས་མི་ཚོར་བཞུགས་རྒྱུན་རིང་སྤྲོ་པོ་ཡོང་བའི་རེ་བ་དང་དུས་ཚོད་བྱུང་ན་ཀེམ་གཉིས་པའི་”མཚོ་”་ལ་ཐེངས་གཅིག་ཕེབས་རོགས་གནང་། དེར་ཉ་མང་པོ་༧གོང་ས་མཆོག་གི་སྐུ་ཚེའི་ཆེད་ཚེ་ཐར་གཏོང་བ་ཡོད་།

༧གོང་ས་མཆོག་༡༩༥༧ལོར་རྒྱ་གར་དུ་ཕེབས་སྐབས་སྐུ་པར་ཁག་གཅིག

༧གོང་ས་མཆོག་དང་༧ཀུན་གཟིཌ་པཎ་ཆེན་རིན་པོ་ཆེ་རྒྱ་གར་དུ་༡༩༥༧ཕེབས་སྐབས་ཀྱི་དེ་སྔ་མཇལ་མ་མྱོང་བའི་སྐུ་པར་འགའ་ཞིག་ད་རེས་གུས་ནས་མཇལ་བྱུང་བས་རྣམ་པ་ལྷན་རྒྱས་ནས་ཐུགས་གྱེས་ཚོར་ཆེན་པོའི་ནང་ནས་ཐུགས་ཞིབ་གནང་རོགས། སྐུ་པར་འདི་ཚོ་རྒྱ་གར་གཞུང་གི་འདྲ་པར་སྡེ་མཚན་ནས་སྒྲོན་འདུག

༡༩༥༧ཟླ་༡ནང་ནུབ་སྦང་གལ་མངའ་སྡེའི་ཆི་ཏ་རན་ཇན་རི་ལི་ཨ་མ་བཟོ་གྲར་༧གོང་ས་མཆོག་ནས་གཟིཌ་སྐོར་གནང་བཞིན་པ།
༡༩༥༧ཟླ་༡་ནང་སྦང་གལ་གཞུང་ནས་༧གོང་ས་མཆོག་དང་༧ཀུན་གཟིཌ་རིན་པོ་ཆེ་ཆེད་སྣེ་ལེན་མཛད་སྒོ་ཞིག་སར་སྲིད་བློན་ནེ་རུ་ཕེབས་པའི་སྐུ་པར་།
སྲིད་བློན་ནེ་རུ་ནས་༧སྐུའི་གཅུང་པོ་མངའ་རི་རིན་པོ་ཆེ་དང་རྒྱལ་ཡུམ་ཆེན་མོ་ལྷན་ཀལ་ཀ་ཏར་༡༩༥༧ཟླ་༡ནང་སྒྲོན་པའི་སྐུ་པར་།

མར་ཡུལ་ལ་དྭགས་སྐོར་ཡུད་ཙམ་གླེང་བ།

རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ལ་དྭགས་ཡུལ་ནི་བོད་དང་ས་འབྲེལ་ཡིན་པ་མ་ཟད་ལོ་རྒྱུས་ཐོག་བོད་དང་འབྲེལ་བ་གཏིང་ཟབ་པོ་ཡོད་པ་ཞིག་རེད་། ཡུལ་དེའི་མིང་ཐོག་མ་ནི་མར་ཡུལ་ཟེར་གྱི་ཡོད་འདུག དེ་ཡང་ལ་དགས་པ་མཁས་དབང་བཀྲིས་རབ་རྒྱས་ལགས་ཀྱི་ ༼མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།། ནང་༽མིང་དེ་བཞིན་ཡུལ་དེའི་རི་བརྒྱུད་ཀྱི་མདོག་དམར་པོ་ཡོད་པ་ནས་བྱུང་བ་དང་། དམར་ཡུལ་དེ་ཟུར་ཆག་ནས་མར་ཡུལ་ཆགས་པ་རེད་གསུངས་འདུག

ཁོང་ནས་། “ལོ་ཙ་བ་རིན་ཆེན་བཟང་པོའི་རྣམ་ཐར་ལས་ཀྱང་མར་ཡུལ་དུ་ཉར་གྱི་གཙུག་ལག་ཁང་བཞེངས་ནས་སྤུ་རངས་ཀྱི་མཐོ་ལྡིང་། གུ་གེའི་ཁ་རྩེ་སྒོ་ཁར་དང་མར་ཡུལ་གྱི་གཙུག་ལག་ཁང་གསུམ་ལ་ཉི་མ་གཅིག་ལ་རབ་གནས་གནང་བ་ཡིན་ཞེས་བརྗོད་ཡོད་དོ།”
ང་རང་ལ་དྭགས་སུ་བསྐྱོད་མྱོང་ན་ས་ཆ་དེའི་མདོག་ད་དུང་ཡང་དམར་པོ་དངོས་ནས་རེད་འདུག

ལ་དྭགས་
ཟེར་བའི་མིང་དེ་རྗེས་སུ་ཐོབ་པ་ཞིག་ཡིན་པ་དང་དེ་བྱུང་ཚུལ་སྐོར་བཀྲིས་རབ་རྒྱས་ལགས་ནས་ཡུལ་དེ་ “ལ་མང་པོའི་མདུན་ནམ་འདབས་སུ་ཡོད་པ་ན་ལ་དྭགས་
ཟེར།” གསུངས་འདུག ཁོང་ནས་དེ་ཡིན་དགོས་དོན་རྒྱུ་མཚན་དེ་དཔེ་ཞིག་བརྒྱུད་སྙིང་རྗེ་པོ་བཀོད་འདུག དེ་ཡང་ཁོང་གིས། “དཔེར་ན། དུས་རྒྱུན་རི་ལ་སྡོད་པ་ན་རི་དྭགས་ཟེར་ཞིང་། ལྟོག་སྐོམ་གཉིས་ཡིད་ལ་བཏགས་ཏེ་གནས་པ་ན་ཡིད་དྭགས་ཞེས་མིང་བཏགས་པ་ཡིན་ནོ།” གསུངས་འདུག

ལ་ དྭགས་
པ་ཚོས་སྐད་བེད་སྥྱོད་གནང་བཞིན་པ་དེ་ནི་བོད་སྐད་བརྡ་རྙིང་པ་ལྟར་ཡིན་པ་དེ་མང་པོས་གསུངས་ཀྱི་འདུག ང་རང་སྐད་ཐོག་མཁས་པ་མིནའང་ལ་ དྭགས་
པ་ཚོས་ཐ་སྙད་འགའ་ཞིག་བེད་སྦྱོད་གནང་སྟངས་དེར་བསམ་བློ་བཏང་རྒྱུ་འདུག་བསམས། ཁོང་ཚོས་ཚིག་གི་དག་ཆ་ཇི་མ་ཇི་བཞིན་སྒྲ་སྟོན་གྱི་ཡོད་པ་ལྟ་བུ་འདུག དཔེར་ན། “བདེ་སྐྱིད་”ལ་ “དེ་སི་ཀྱིད་” དང་། “སྟོབས་ལྡན་”ལ་ “ས་ཏོབ་དན་” ལྟ་བུ་རེད་། འགའ་ཞིག་གིས་བོད་ཀྱི་ཨ་མདོའི་ཁུལ་དུ་དེ་ལྟར་སྒྲ་ཚིག་འབོད་སྲོལ་ཡོད་རེད་གསུངས་ཀྱི་འདུག
ལ་ དྭགས་ཀྱི་བླ་མ་སྐད་གྲགས་ཆེ་བ་རྒྱལ་སྲས་བ་ཀུ་ལ་དམ་པ་དེ་ནི་ཆོས་ཕྱོགས་ཙམ་མིན་སྲིད་ཕྱོགས་སུའང་མཛད་རྗེ་ཆེན་པོ་བཞག་གནང་མཁན་ཞིག་བྱུང་བ་རེད་། ཁོང་ནས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་མི་གནང་བ་དང་། སོག་པོའི་ཡུལ་དུ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ལོ་མང་གནང་བ་རེད་།

འབྲུག་གི་གསར་འགྱུར་གཅིག་མཐོང་རྗེས་བསམ་བློར་འཁོར་བའི་གནས་ཚུལ།

འབྲུག་གི་དབྱིན་སྐད་གསར་ཤོག་"སྦུ་ཊན་ཨོ་ཛར་ཝར་"ཀྱི་ཁ་བྱང་།

ང་རང་འབྲུག་གི་གནད་དོན་ལ་དོ་སྣང་བྱེད་རྒྱུ་དགའ་པོ་ཡོད་་པས་ཡུལ་དེ་སྐོར་གནས་ཚུལ་གང་ཡོད་ཀློག་ཐབས་བྱེད་ཀྱི་ཡོད་། དེ་གང་ཡིན་ཟེར་ན་འབྲུག་གི་སྤྱི་ཚོགས་ཀྱི་གནས་སྟངས་དེ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འདྲ་པོ་ཡོད་པས་ང་ཚོ་ཕན་ཚུན་བསླབ་བྱ་ལེན་རྒྱུ་ཡོད་།

ཟླ་བ་འདིའི་ཚེས་༡༡ ཉིན་གྱི་འབྲུག་གི་རང་དབང་ཅན་གྱི་དབྱིན་ཡིག་ཚགས་པར་”སྦུ་ཊན་ཨོབ་ཛར་ཝར་”ཞེས་པའི་ནང་གནས་ཚུལ་མགོ་བརྗོད་”རྫོང་ཁ་གོང་སྤེལ་་གཏོང་བའི་རིན་གོང་།”ཟེར་བ་ཞིག་འདུག དེའི་ནང་དོན་ནི་ད་ཡོད་འབྲུག་གི་ཁྲིམས་ནང་གསར་ཤོག་པར་བཀྲུན་གནང་མཁན་ཚང་མས་སྐད་གཞན་ནང་འདོན་འཆར་ཡོད་ནའང་འབྲུག་སྐད་རྫོང་ཁའི་ནང་ལའང་གསར་ཤོག་རེ་སྟོན་དགོས་ཡོད་། ཁྲིམས་དེ་གཞི་ཟུང་”སྦུ་ཊན་ཨོབ་ཛར་ཝར་”ནས་”འབྲུག་གི་གནས་ལུགས་”ཟེར་བའི་རྫོང་ཁའི་ནང་ཤོག་གྲངས་བཅུ་ཡིན་པའི་ཚགས་པར་ཞིག་སྟོན་གནང་གི་ཡོད་འདུག

ད་ཆ་ཚགས་པར་དེ་ཞིན་ཤོག་གྲངས་དྲུག་ཉུང་དུ་བཏང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག དེའི་རྒྱུ་མཚན་ནི་རྫོང་ཁའི་གསར་ཤོག་ལ་དོ་སྣང་བྱེད་མཁན་དཀོན་པའི་རྐྱེན་གྱིས་”འབྲུག་གི་གནས་ལུགས་”ནས་ཡོང་འབབ་ལས་འགྲོ་སོང་དེ་མང་བ་ཡིན་པ་དེ་རེད་འདུག འདས་པའི་ལོ་གསུམ་དང་ཕྱེད་ཀའི་ནང་་”སྦུ་ཊན་ཨོབ་ཛར་ཝར་” ནས་”འབྲུག་གི་གནས་ལུགས་” ལ་འགྲོ་སོང་འབྲུག་གི་དངུལ་ཀྲམ་ས་ཡ་བདུན་ལྷག་བཏང་འདུག་པ་དང་དུས་དེའི་རིང་ཡོང་འབབ་ནི་དངུལ་ཀྲམ་ས་ཡ་གཅིག་ལྷག་ཙམ་ལས་བྱུང་མིན་འདུག

ཡོང་འབབ་མེད་ནའང་འབྲུག་གི་ཁྲིམས་ལྟར་རྫོང་ཁའི་ཐོག་གསར་ཤོག་སྟོན་དགོས་སྟབས་”འབྲུག་གི་གནས་ལུགས་”ཀྱི་ཤོག་གྲངས་ཉུང་དུ་བཏང་བའི་ཐབས་ཤེས་ལས་རག་མིན་འདུག

གནས་ཚུལ་དེ་མཐོང་བ་དང་ངའི་བསམ་པར་ང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་སྤྱིར་གཞོན་སྐྱེས་ཚོས་བོད་སྐད་ལས་དབྱིན་སྐད་གསར་ཤོག་སོགས་ཀློག་འདོད་མང་བ་གནང་གི་ཡོད་རུང་། བོད་ཡིག་ཐོག་ཡོད་པའི་གསར་ཤོག་ཁག་ལ་དོ་སྣང་བྱེད་མཁན་མི་ཉུང་བ་ཞིག་ཡོད་པའི་འཚོར་བ་གུས་པར་ཡོད་། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཙམ་ལས་མེད་རུང་རྒྱུན་དུ་འདོན་པའི་བོད་སྐད་ཐོག་གསར་ཤོག་གསུམ་དང་དེ་མིན་དུས་དེབ་མང་དག་གཅིག་ཡོད་། དེ་བཞིན་བོད་ཡིག་ཐོག་དྲ་ཚིགས་མི་ཉུང་བ་དང་ཟིན་བྲིས་དེ་ལས་མང་བ་ཡོད་པ་ནི་དགའ་བའི་རང་བཞིན་རེད་། འོན་ཀྱང་”འབྲུག་གི་གནས་ལུགས་”ཀྱི་གནས་སྟངས་ལ་དགོངས་པ་བཞེས་ནས་ད་དུང་བོད་ཡིག་ཐོག་ཤུགས་གང་ཐུབ་རྒྱབ་དགོས་ཡོད་། བོད་ཡིག་དེ་ཆོས་ཀྱི་གནད་དོན་ཐོག་ཐ་རྙད་ཕྱུག་པོ་ཡིན་པ་ཚང་མས་གསུངས་ཀྱི་ཡོད་། ང་ཚོ་ཕྱི་ནང་བོད་མི་ཚོས་བོད་ཡིག་དེ་དུས་རབས་༢༡ པའི་སྤྱི་ཚོགས་ནང་གི་ཉིན་རེའི་ལས་དོན་ནང་མེད་དང་མི་རུང་བ་ཞིག་བཟོ་ཐུབ་པ་ཡིན་ན་ཕུག་བརྟན་པོ་ཆགས་རྒྱུ་ཡིན།

ཁྲུང་ཁྲུང་དཀར་མོ་བོད་ནས་འབྲུག་ཏུ་གནས་སྤོས་པའི་དུས།

ཁྲུང་ཁྲུང་དཀར་མོ་འབྲུག་ཏུ་གནས་པའི་པར་ཞིག

བོད་ཀྱི་བྱ་ཁྲུང་ཁྲུང་དཀར་མོ་ཁག་གཅིག་གི་ལོ་རིའི་སྡོད་གནས་སྤོ་རྒྱུའི་ལས་འགོ་གཙུགས་ནས་བདུན་ཁྲག་སྔོན་མར་འབྲུག་གི་ཕོབ་སྤྱིས་ཁ་ལུང་གཤོང་ས་ཁུལ་དུ་འབྱོར་འདུག བྱ་དེ་ཚོ་དབྱར་དུས་སུ་བོད་ཀྱི་ས་ཁུལ་དུ་གནས་པ་དང་དགུན་ཁ་སླེབས་དུས་སུ་ཧི་མ་ལ་ཡ་རི་རྒྱུད་རྒལ་ནས་ལྷོ་ཕྱོགས་འབྲུག་རྒྱལ་ཁབ་དུ་གནས་ཀྱི་ཡོད་འདུག སྤྱིར་བཏང་བོད་ཀྱི་གཉའ་ལམ་ཁུལ་དུ་གནས་ཀྱི་ཡོད་ཀྱང་འདས་པའི་དགུན་ཁར་བྱ་ཁག་གཅིག་ཕག་རི་ཁུལ་དུ་སླེབས་ཡོད་པའི་གནས་ཚུལ་འདུག འབྲུག་ནང་བྱ་དེ་ཚོ་ཕལ་ཆེ་བ་ཕོབ་སྤྱིས་ཁ་འདམ་རའི་ཉེ་འགྲམ་དུ་གནས་ཀྱི་འདུག ཕོབ་སྤྱིས་ཁ་ནི་འབྲུག་དབུས་སུ་ཡོད་པ་དང་དེ་གར་ཡོད་པའི་འབྲུག་པ་ཚོས་བྱ་ཁྲུང་ཁྲུང་གི་དུས་སྟོན་ཞིག་ཀྱང་སྲུང་བརྩི་ཞུ་ཡི་ཡོད་འདུག
ཁྲུང་ཁྲུང་དཀར་མོ་བོད་ཀྱི་ས་ཁུལ་ནང་ཡོད་པའི་པར་།

འབྲུག་གི་གསར་འགྱུར་ཁང་ཞིག་ལ་ཕོབ་སྤྱིས་ཁའི་ཉེ་འགྲམ་དུ་ཡོད་པའི་སྒང་སྟོད་གི་མི་ཞིག་གིས་གསུངས་ཡག་ལ་ལབ་སྲོལ་ལ་བྱ་ཁྲུང་ཁྲུང་དཀར་མོ་དེ་ཚོ་བོད་ནས་ཕོབ་སྤྱིས་ཁ་ལུང་གཤོང་ནང་མ་བབ་གོང་ཉེ་འགྲམ་སྒང་སྟོད་ལྷ་ཁང་ལ་སྐོར་ར་ཚར་གསུམ་རེ་རྒྱབ་ན་རྟེན་འབྲེལ་ལེགས་པའི་རྟགས་མཚན་ཡིན་འདུག

རྒྱལ་སྤྱིའི་ཁྲུང་ཁྲུང་ཐེབས་རྩའི་གནས་ཚུལ་ལྟར་ན་བྱ་ཁྲུང་ཁྲུང་དཀར་མོའི་གྲངས་འབོར་ཉུང་དུ་ཕྱིན་པའི་རྐྱེན་གྱི་བྱ་རིགས་དེ་རྩ་མེད་དུ་འགྲོ་རྒྱུའི་ཉན་ཁ་གཟིགས་ཡོད་།