ད་ཡང་དུས་ཆེན་མང་པོའི་དུས་ཚོད་སླེབས་སོང་ངོ་།

seaworld-christmas-Sea of Trees color

བར་སྐབས་ཞིག་ཟིན་བྲིས་ཐོག་བོད་ཡིག་ནང་གང་ཡང་འབྲི་རྒྱུ་མ་བྱུང་། ད་ཆ་ནུབ་ཕྱོགས་ཁུལ་དུས་ཆེན་སྣ་ཚོགས་ཀྱི་གུང་གསེང་དུས་ཚོད་ཡིན་པས་འདི་བྲིས་ན་བསམ་བྱུང་།

གཟའ་ཟླ་བ་ནི་རང་ཟླ་༡༡ ཚེས་༡ ཡིན་ཞིང་ཉིན་དེ་ནི་ལ་དགས་ནང་ལོ་གསར་སྲུང་བརྩི་ཞུས་ཀྱི་ཡོད། ལ་དགས་པ་རྣམས་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

དེང་འདི་ཁུལ་ཕྱི་ནང་གང་དུའང་ཡེ་ཤུའི་འཁྲུངས་སྐར་དང་འབྲེལ་བའི་ཅ་དངོས་མཐོང་རྒྱུ་དང་གཞས་སོགས་གོ་རྒྱུའི་དུས་རེད། བོད་མིའི་སྤྱི་ཚོགས་ནང་ཡང་དུས་ཆེན་འདྲ་མིན་ཡོད་བཞིན་མང་པོ་ཞིག་ཆོས་དང་འབྲེལ་བ་ཡོད་པས་དེ་ཚོ་ནི་དགེ་འདུན་པའི་སྡེ་ནས་དུས་ད་ལྟའང་མི་ཉམས་གོང་འཕེལ་གནང་བཞིན་རེད།  དེ་མིན་ལོ་གསར་ལྟ་བུའི་དུས་ཆེན་ཡིན་ན་ལོ་རེ་ནས་ལོ་རེ་ཐོག་འགྱུར་བ་འགྲོ་ཡི་ཡོད་པའི་ཚོར་བ་ང་རང་སྒེར་གྱི་ཉམ་མྱོང་ཐོག་ནས་ཞུས་ཐུབ་ཀྱི་འདུག འགའ་ཞིག་ནས་དུས་ཆེན་དེ་ནི་ལྷ་སའི་བརྙན་འཕྲིན་ཐོག་གཏམ་བརྗོད་ཞིག་ཐོག་བཤད་པ་ལྟར་”ལོ་གསར་མ་རེད་ལས་གསར་རེད་”གསུངས་ཞིང་དཀའ་ངལ་ཡིན་པར་ངོས་འཛིན་གནང་། གང་ལྟར་ལོ་གསར་གྱི་བྱེད་སྒོ་རྣམས་དུས་ཚོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྔར་སྲོལ་ལྟར་ཡོང་ཐུབ་ཀྱི་མེད་པ་དངོས་ཡོད་རེད། འོན་ཀྱང་ནུབ་ཕྱོགས་སྤྱི་ཚོགས་ནང་དེང་འཇེའུ་མི་རིགས་ཀྱི་དུས་ཆེན་”ཧ་ནུ་ཀ་”དང་ཡེ་ཤུའི་འཁྲུངས་སྐར་ལ་སོགས་པ་སྲུང་བརྩི་བྱེད་སྲོལ་གང་ཙམ་ཉར་ཐུབ་ཡོད་པའི་ཚོར་གྱི་འདུག་པས་ དེ་ཐོག་བསམ་བློ་གཏོང་དགོས་ས་རེད། ང་ཚོའི་སྤྱི་ཚོགས་ནས་རང་རེའི་དུས་ཆེན་ཁག་མང་ཚོགས་ཀྱི་ཉིན་རེའི་སྐྱིད་སྡུག་དང་འབྲེལ་བ་གང་འདྲ་བཟོས་ཐུབ་མིན་ཐོག་གཟིགས་དགོས་ཀྱི་འདུག་བསམ།

ད་ཆ་ཕྱི་ལོ་གསར་པ་སླེབས་པར་ཉིན་མ་འགའ་ཞིག་ལས་མེད་སྟབས་རྣམ་པ་ལྷན་རྒྱས་ལ་”ཧེ་པི་ ནིའུ་ ཨི་ཡར་” གྱི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

Advertisements

གཟའ་འཇུག་བཟང་པོ་ཡོང་བར་ཤོག

སྤྱི་ཚོཊ་འཕེལ་བའི་ལོ་རྒྱུས་ནང་མི་ཕན་ཚུན་དུས་ཆེན་ཁག་སོགས་དུས་དང་བསྟུན་ནས་འཚམས་འདྲི་ཞུ་བའི་གོམས་སྲོལ་ཞིག་ཆགས་ཡོད་པ་རེད། ལོ་གསར་སོགས་ལ་དབྱིན་སྐད་ཐོག་”ཧེ་པི་ ནིའུ་ ཨི་ཡར་”དང་བོད་སྐད་ཐོག་”བཀྲིས་བདེ་ལེགས་”ཞུ་བ་དང་། ཉིན་མ་གསར་པ་རེ་ལ་”སྒུཊ་མོར་ནིང་”དང་”ཉི་མ་བཟང་”སོགས་བཤད།

འཚམས་འདྲི་འགའ་ཞིག་ནི་མཚོན་དོན་མ་གཏོགས་གོ་རྒྱུ་ཐོལ་པ་མེད་པ་ལྟ་བུ་འདུག དཔེར་ན་དབྱིན་སྐད་སྐྱོན་མཁན་གཉིས་མཇལ་སྐབས་”ཧའོ་ཨར་ཡུ་”ཟེར་བའི་དྲི་བ་དེར་ལན་དམིགས་བསལ་དགོས་ཀྱི་མེད། གལ་ཏེ་སྐུ་གཟུཊ་བདེ་པོ་མེད་ནའང་ལན་”ང་ན་བཞིན་ཡིན་”སྐྱོན་པའི་ལུཊ་སྲོལ་དེ་འདྲ་ཡོད་ས་མ་རེད།

ཡིནའང་བཤད་སྲོལ་འགའ་ཞིག་ཁ་རྒྱུན་ལྟ་བུ་འདུག་རུང་དེ་ཚོའོ་རྒྱབ་ལྗོངས་ཐོག་བསམ་བློ་གཏོང་རྒྱུའང་འདུག ནུབ་ཕྱོགས་སྤྱི་ཚོགས་ནང་གཟའ་པ་སངས་ཕྱི་དྲོ་ནས་མི་ཕན་ཚུན་”ཧེ་པི་ ཝིག་ཨེནཌ་”ལབ་སྲོལ་ཡོད། གུས་ནས་ཐོག་མར་དེ་ཡང་མཚོན་དོན་མ་གཏོགས་ཡོད་ས་མ་རེད་བསམ་གྱི་ཡོད། འོན་ཀྱང་དེ་འདྲ་རེད་མིན་འདུག

གཟའ་ཟླ་བ་ནས་གཟའ་པ་སངས་བར་མི་མང་ཆེ་བ་ཞོགས་པ་སྔ་དྲོ་རང་གི་ལས་ཀ་བྱེད་ཡུལ་དུ་བསྐྱོད་དགོས་པ་དང་། ཕྱི་དྲོ་རང་ཁྱིམ་དུ་ལོག་སྐབས་ཕྱི་པོ་ཡིན། འགའ་ཞིག་གི་ལས་ཀའི་དུས་ཚོད་རིང་པོ་ཡིན་པ་དང་། འགའ་ཞིག་ལ་དུས་ཚོད་དེ་ཙམ་མང་པོ་མིན་རུང་ལས་ཀ་བྱེད་ཡུལ་བར་བསྐྱོད་པའི་དུས་ཚོད་རིང་པོ་ཡིན་པ་ལྟ་བུ་རེད་འདུག དེ་འདྲ་སོང་མི་རྣམས་དུས་སྐབས་དེའི་རིང་ངལ་གསོ་བྱེད་རྒྱུའི་དུས་ཡག་པོ་མེད་པ་ལྟ་བུ་ཡིན། ཁྱིམ་ཚང་གཅིག་གི་ནང་ལའང་གཟའ་ཟླ་གཉིས་དུས་མཉམ་དུ་ཞལ་ལག་བཞེས་རྒྱུའི་གོ་སྐབས་མེད་པ། ཕ་མ་དང་སློབ་གྲར་བསྐྱོད་མཁན་བུ་ཕྲུག་དབར་དེ་འདྲ་བའི་དུས་ཚོད་མེད་པ་ལྟ་བུ་ཡིན།

དེ་འདྲ་སོང་གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་ནི་མི་མང་ཆེ་བར་གུང་གསེང་ཡིན་པས་ཉིན་དེ་གཉིས་ལ་ཕལ་སྐད་ནང་བཤད་སྲོལ་ལྟར་”སྐྱིད་པོ་བཏང་”འདོད་ཡོད། དེ་འདྲའི་རྐྱེན་”ཧེ་པི་ ཝིག་ཨེནཌ་”ལབ་ཡོད་དུས་དངོས་ནས་གོ་རྒྱུ་འདུག་གོ འོན་ཀྱང་ད་ཉིན་གཟའ་ཉི་མ་ཡིན་པས་ཡང་ཉི་མ་ལྔ་ལས་ཀར་ཕྱིན་རྗེས་”ཧེ་པི་ ཝིག་ཨེནཌ་”ཡང་བསྐྱར་ཡོང་།་

ཀ་བློན་སྦུག་ཏུ་ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མེད་པའི་གནས་སྟངས་ག་དུས་ནས་བྱུང་བ་ཡིན་ནམ།

ཀ་བློན་སྦུག་ཏུ་ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མེད་པའི་གནས་སྟངས་ག་དུས་ནས་བྱུང་བ་ཡིན་ནམ།

 བུ་ཆུང་ཀེ་ཚེ་རིང་།

ཐོག་མར་ཀ་བློན་སྦུག་བོད་མིའི་སྐོར་གནས་ཚུལ་འདི་གཟིགས་དང་། “བོད་པའི་བུ་མོ་སློབ་གྲ་ལ་འགྲོ་མཁན་ནི་ཉི་ཤུ་ལྷག་ཙམ་ཡོད་ཚོད་འདུག ། དེ་དག་རྣམས་བོད་ཡིག་ཕར་བཞག་བོད་སྐད་ཀྱང་ཤེས་ཀྱི་ཨེ་ཡོད། ག་དུས་བལྟས་ཀྱང་གོར་སྐད་ཁོ་ན་མ་གཏོགས་ལབ་པ་མ་མཐོང་། ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མི་འདུག །”

གལ་ཏེ་ཁྱེད་ཀ་བློན་སྦུག་དང་ རྡོ་རྗེ་གླིང་། སྒང་ཏོག་(ཀ་རྡོར་སྒང་)གསུམ་སོགས་སུ་ཕེབས་མྱོང་མཁན་ཞིག་ནས་ད་ལྟའི་གནས་སྟངས་དེ་འདྲ་ཡིན་པ་མཁྱེན་ཐུབ། འོན་ཀྱང་གོང་འཁོད་གནས་ཚུལ་དེ་ནི་དེང་གི་མིན་པར་༡༩༣༣ལོའི་སྐབས་ཀྱི་ཡིན་པ་ནི་གཤམ་གྱི་ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཚགས་པར་གྱི་གསར་འགྱུར་ནས་གཟིགས་ཐུབ།  དེ་ནི་དབྱིན་སྐད་བཤད་སྲོལ་ལ་”དངོས་པོ་རྣམས་འཕོ་འགྱུར་ཇི་ཙམ་ཕྱིན་རུང་དེ་ཙམ་གྱི་འགྱུར་ལྡོག་མེད་པར་གནས་”ཟེར་བ་ལྟ་བུ་རེད་འདུག་གོ

ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་།

ལོ། ༧ ཨང་། ༦ ཀ་སྦུག་ནས་བོད་ཟླ་༥ ཚེས་༡ ལ།

དབྱིན་ཟླ་༦ ཏ་རིག་༢༤ ༡༩༣༣འདས་ལོ་ཉིན།

།ཀ་སྦུག་བུ་མོའི་སློབ་གྲ།

།ཀ་སྦུག་ཏུ་བུའི་སློབ་གྲ་ཆེ་བ་ཡོད་པ་ལྟར་བུ་མོ་ཚོའི་སློབ་གྲའང་ཡོད། མ་ཟད་སླད་ཕྱིན་བུ་མོ་ཚོའང་སློབ་གྲ་ཆེན་པོའི་རྒྱུགས་ཐོན་མཚམས་བུའི་སློབ་གྲ་ཀོ་ལེཇེ་གསར་འཛུག་བྱས་པར་བུ་བུ་མོ་དབྱེར་མེད་སློབ་སྦྱོང་བྱེད་ཐུབ། དེང་གཞུང་གི་བཀའ་ལྟར་སློབ་གྲ་ཆེན་པོ་ཧའི་སིཀུལི་དུ་སློབ་མ་རྣམས་ནས་རང་སྐད་ཀྱང་སློབ་སྦྱོང་བྱེད་ཆོག་ཅིང་རྡོར་གླིང་གཞུང་གི་སློབ་གྲར་བོད་ཡིག་དགེ་རྒན་༣ཡོད་འདུག ། ཀ་སྦུག་བུའི་སློབ་གྲར་༡ཡོད། དེར་བོད་ཕྲུག་རྣམས་ནས་བོད་ཡིག་ཀྱང་སླབ་དགོས། འོན་ཀྱང་ཀ་སྦུག་བུ་མོ་ཚོའི་སློབ་གྲར་ད་བར་བོད་ཡིག་སློབ་སྲོལ་མི་འདུག ། བོད་པའི་བུ་མོ་སློབ་གྲ་ལ་འགྲོ་མཁན་ནི་ཉི་ཤུ་ལྷག་ཙམ་ཡོད་ཚོད་འདུག ། དེ་དག་རྣམས་བོད་ཡིག་ཕར་བཞག་བོད་སྐད་ཀྱང་ཤེས་ཀྱི་ཨེ་ཡོད། ག་དུས་བལྟས་ཀྱང་གོར་སྐད་ཁོ་ན་མ་གཏོགས་ལབ་པ་མ་མཐོང་། ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མི་འདུག ། འདི་སྐོར་སྔོན་དུ་ཡང་གསར་འགྱུར་ཞུས་པ་ཡིན་ཏེ། སུ་ནས་ཀྱང་འདིའི་སྐོར་སྣང་དག་གནང་མི་འདུག ། འདི་ལྟར་རང་དུ་གནས་ན་ལོ་༥༠ཙམ་རྗེསུ་འདི་ཁུལ་ཡོད་རིགས་བོད་ཀྱི་བུ་མོ་རྣམས་དང་དེ་ཚོའི་བུ་ཕྲུག་རྣམས་བོད་སྐད་ཙམ་མི་ཤེས་བར་འགྱུར་ངེསོ།། འདི་སྐོར་འདི་ཁུལ་ཕ་མ་ཚོ་ནས། ཡང་ན་བོད་སྤྱིའི་ལྷན་རྒྱས་ནས་རང་རེའི་བུ་མོ་རྣམས་རང་སྐད་མི་བརྗེད་པའི་ཐབས་ད་ལྟ་ནས་གནང་ན་མི་ལེགས་སམ ? དེ་ལྟར་ཐབས་གནང་ཚེ་ཚང་མ་ནས་བུ་མོ་ཚོའི་སློབ་གྲའི་སྤྱི་ཁྱབ་ལ་སྙན་ཞུ་ཕུལ་ཏེ་ངེད་བོད་ཀྱི་བོུ་རྣམས་ལའང་རང་ཡིག་བོད་ཡིག་སློབ་ཐབས་ཞུ་ན་གསན་བཞེས་ཤིག་མི་འབྱུང་ངམ་ཅེས་རྨོངས་གཏམ་དུ་བྲིསོ།

རྡ་སའི་ཕོ་ཉ་དང་བོད་མིའི་ཤེས་ཡོན་སྐོར།

རྡ་སའི་ཕོ་ཉ་དང་བོད་མིའི་ཤེས་ཡོན་སྐོར།

 བུ་ཆུང་ཀེ་ཚེ་རིང་།

“དེང་གི་ན་གཞོན་ཚོས་ཁོང་ཚོའ་ཤེས་ཡོན་གནས་ཚད་ཞན་དུ་ཕྱིན་ཡོད་པ་ཁས་ལེན་གནང་གི་ཡོད་དམ།”

༡༩༨༦ལོར་བཞུགས་སྒར་བོད་རིགས་གཞོན་ནུའི་ས་གནས་རྒྱུན་ལས་ནས་ཟླ་རེའི་གསར་འཕྲིན་རྡ་སའི་ཕོ་ཉ་ཟེར་བ་ཞིག་འགྲེམས་སྤེལ་གནང་སྒོ་བཙུགས། དེ་སྐབས་གུས་རང་ཡང་རྒྱུན་ལས་ཁོངས་སུ་ཡོད།

dharamsalaMessenger

གསར་འཕྲིན་དེའི་ནང་གཞོན་ནུའི་གནས་ཚུལ་ཙམ་མ་ཟད་བཙན་བྱོལ་བོད་མིའི་གནས་སྟངས་དང་གཞུང་གི་མཛད་ཕྱོགས་ཐོག་དཔྱད་ཞིབ་བྱས་ཡོད། དཔེར་ན་༡༩༨༦གི་གསར་འཕྲིན་ལོ་༡འདོན་ཐེངས་༥ནང་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་ཚུལ་སྐོར་གླེང་བརྗོད་ཞིག་ཡོད། གླེང་བརྗོད་དེའི་ནང་ང་ཚོས་གནས་སྟངས་ཀྱི་འགྲེལ་བརྗོད་འདི་ལྟར་རེད།

“ཕྱི་ལོ་༡༩༧༩བར་བོད་ཀྱི་གཏན་ཉིན་སློབ་གྲ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཀྱི་ཤེས་ཡོན་གནས་ཚད་གང་ལེགས་ཐོག་དེའི་འགྲུབ་འབྲས་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་གང་སྤྱིའི་ཕྱག་འགན་བཞེས་བཞིན་པའི་ན་གཞོན་ཕལ་ཆེ་བ་སྐབས་དེའི་སློབ་ཕྲུག་ཤ་སྟག་ཡིན།  འོན་ཀྱང་༡༩༧༩ཚུན་རང་རེ་བྱེས་འབྱོར་བའི་འཚོ་བའི་གནས་སྟངས་སོགས་གང་སྤྱིའི་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་བོད་ཀྱི་གཏན་ཉིན་སློབ་གྲ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚད་ ཞན་དུ་འགྲོ་མུས་གནས་ཚུལ་འདི་ཡོངས་གྲགས་ཐོག་བོད་མི་བསམ་ཡོད་ཕལ་ཆེ་བར་བློ་ཚབ་སྐྱེ་གཞིར་འགྱུར་ཡོད་པ་དང་།  རང་རེའི་སྤྱི་ཚོགས་ཀྱི་དཀའ་ངལ་གསར་པ་ཞིག་ཀྱང་ཆགས་ཡོད་པ་རེད།  ད་ཆ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཉེར་བདུན་ལྷག་ཙམ་འཁོར་བའི་སྐབས་འདིར་ཕྱོགས་གཅིག་ནས་སློབ་གྲ་ཁག་གི་ནང་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཞན་དུ་འགྲོ་བ་དང་།  ཕྱོགས་གཞན་ཞིག་ནས་སློབ་ཕྲུག་གང་འཚམས་ཤིག་སློབ་སྦྱོང་མཇུག་འཁྱོངས་མ་བྱས་པར་ཕྱིར་འཐེན་གྱིས་སུད་ཚོང་མི་གླས་ལྟ་བུར་འཁྲིད་ཀྱི་ཡོད་པ་ནི་ཧ་ཅང་བློ་ཕམ་དང་མ་འོངས་པའི་མི་རབས་ཇི་འདྲ་ཞིག་ཏུ་འགྱུར་མིན་སེམས་ཚབ་སྐྱེ་གཞི་ཞིག་ཆགས་ཡོད་པ་རེད།  གལ་ཏེ་ད་ཆའི་གནས་སྟངས་འདི་དག་མུ་མཐུད་ཀྱིས་སློབ་ཕྲུག་མང་དག་ཅིག་སློབ་སྦྱོང་མཚམས་འཇོག་བྱས་ཡིན་ན་ང་ཚོའི་རྒྱལ་ཁབ་ཀྱི་འཐབ་རྩོད་དང་མི་རིགས།  སྤྱི་ཚོགས་བཅས་པར་གྱོང་ཆེན་པོ་ཞིག་ཆགས་རྒྱུ་ཉག་ཅིག་རེད། མ་འོངས་པར་ལོ་༣༠།༤༠རྗེས་བོད་ཀྱི་སྤྱི་ཚོགས་ཀྱི་ཤེས་ཡོན་གནས་སྟངས་ཇི་འདུ་ཞིག་ཏུ་འགྱུར་གྱི་ཡོད་དམ།”

གོང་ཞུས་གླེང་བརྗོད་བྲིས་ནས་ད་བར་ལོ་༣༠ཕྱིན་མེད་རུང་གནས་སྟངས་གཅིག་གསལ་པོ་རེད་བསམ། དེང་སློབ་སྦྱོང་མཇུག་འཁྱོངས་མ་བྱེད་མཁན་དེ་ཉུང་ཤས་ཡིན་གྱི་རེད། བཙན་བྱོལ་ནང་བོད་ཕྲུག་ཕལ་མོ་ཆེས་སློབ་སྦྱོང་གི་གལ་གནས་གསལ་པོ་མཁྱེན་གྱི་ཡོད་པ་ཚོར། འོན་ཀྱང་དེང་གི་ན་གཞོན་ཚོས་ཁོང་ཚོའ་ཤེས་ཡོན་གནས་ཚད་ཞན་དུ་ཕྱིན་ཡོད་པ་ཁས་ལེན་གནང་གི་ཡོད་དམ།

བོད་པས་གློག་གཞུར་ཡ་མཚན་མཐོང་དགོས་དོན་ཡོད་དམ།

དེ་སྔ་གུས་རྡ་རམ་ས་ལར་ལས་ཀ་བྱེད་སྐབས་དུས་ཚོད་སྟོང་པ་ཡོད་དུས་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱིན་ནས་དུས་དེབ་དང་དེབ་རིགས་ཀློག་གི་ཡོད། དེའི་ནང་ནས་བོད་ཡིག་སྡེ་མཚན་དུ་ཀ་བློན་སྦུག་ནས་འགྲེམས་སྤེལ་གནང་བའི་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཟེར་བའི་གསར་ཤོག་རྙིང་པ་ཚོ་ཀློག་རྒྱུ་དགའ་པོ་ཡོད། གསར་ཤོག་དེའི་ནང་རྩོམ་སྒྲིག་པ་སྦ་པུ་མཐར་ཕྱིན་ལགས་ནས་གནས་ཚུལ་ཁྱད་མཚར་དེ་འདྲ་ངོ་སྤྲོད་གནང་འདུག དཔེར་ན་གཤམ་དུ་བཀོད་པའི་གློག་གཞུའི་སྐོར་ལྟ་བུ་ཡིན། དེང་གློག་གཞུ་ཟེར་དུས་ང་ཚོ་བོད་མི་ཡིན་རུང་ཡ་མཚན་དུ་མཐོང་དགོས་དོན་མེད་རུང་ ༡༩༣༠གཡས་གཡོན་ལ་གནས་སྟངས་ཐ་དད་ཡིན་ས་རེད། གཟིགས་དང་།

 Image

གློག་ཞུགས་བསྐོར།

ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། ༡༩༣༠ ཟླ་༧ཚེས་༢༦

མར་མེད་ཞུགས་མར་ཡ་མཚན་འདི།

དུ་མེད་འོད་དུ་འབར་བ་ལ།

མུ་ཟེ་མི་དགོས་སྡེང་མི་དགོས།

སྣོད་གོད་མི་དགོས་སྣུམ་མི་དགོས།

རློན་པས་སྦང་མེད་སྦར་དགོས་ན།

མི་འཛུམ་ཧྲིག་ཧྲིག་ཙམ་དུ་འབར།

འབར་བའི་འོད་ནི་བཀྲ་འཚེར་འཚེར།

ཉ་གང་ཟླ་བ་འགྲན་ཟླ་སྟེ།

གློག་ཞུགས་གློག་གི་དཔེར་བྱས།

བརྒྱད་ལྡན་མེ་ཡི་ཤུལ་ལས་བྱུང་།

འདུས་བྱས་ཡིན་ན་ཤུལ་རྫས་བརྒྱད་དང་།

ལྡན་པས་ཁྱབ་པ་ཡོད་པ་ལ་དཔྱད།

བོད་སྐད་ཀྱི་ཐ་སྙད་འགའ་ཞིག་གོ་དོན་ཐོག་བསམ་ཚུལ་ཐ་རེ་ཐོ་རེ།

ང་ཚོས་སོ་སོའི་སྐད་བེད་སྤྱོད་བྱེད་སྐབས་ཡིན་ཤག་བྱེད་ནས་འགྲོ་ཡི་ཡོད་པའི་དཔེ་མཚོན་གཅིག་ནི་ཐ་སྙད་འགའ་ཞིག་གོ་དོན་ཧ་གོ་རུང་དེའི་འབྱུང་ཁུངས་ཐོག་ཐུགས་སྣང་མེད་པ་ང་རང་སྒེར་གྱི་མྱོང་ཚོར་ནས་ཞུ་ཐུབ། འདིར་ཐ་སྙད་འགའ་ཞིག་ཡོད་པ་ལ་གཟིགས་དང་།

དང་པོ་ནི་”གཅིག་མཇུག་གཉིས་མཐུད་”ཟེར་བ་དེ་ཡིན། དེའི་གོ་དོན་ནི་གསལ་པོ་ཡིནའང་འབྱུང་ཁུངས་གང་འདྲ་ཡིན་ནམ། དེ་བཞིན་”ཏན་ཏན་ཏིག་ཏིག་” ཟེར་དུས་”ཏན་ཏན་”དང་”ཏིག་ཏིག་”ཟེར་བའི་ཚིག་གཉིས་མཉམ་དུ་བསྡུས་པ་ཡིན་ནམ། ཡང་ན་”ཏིག་ཏིག་”ཟེར་ན་ག་རེ་ཡིན་ནམ།

དེ་ནས་ཚིག་གཞན་ཞིག་ནི་”ཡིན་གཅིག་མིན་གཉིས་”ཟེར་བ་དེ་རེད། གོ་དོན་ལ་གཏན་འཁལ་པོའི་ཐོག་ནས་ཡིན་པ་དེའི་འབྱུང་ཁུངས་ག་རེ་ཡིན་ནམ། “ཁ་ཡོད་ལག་ཡོད།”ལྟ་བུའི་ཚིག་མིའི་ལུས་ཀྱི་ཆ་ཤས་ནས་ཡོང་བ་ཡིན་རུང་གོ་དོན་དེ་འདྲ་ཡོང་བའི་རྒྱུ་མཚན་གང་ཡིན་ནམ། དེ་བཞིན་” ཁ་ཙ་དགོས་ཐུག་”ལྟ་བུ་ཡང་འབྱུང་ཁུངས་ཞིག་ཡོད་ཀྱི་རེད།

གང་ལྟར་ངས་འདིར་གཅིག་མཇུག་གཉིས་མཐུད་ནས་བོད་ཡིག་ཐོག་ཐ་སྙད་འགའ་ཞིག་གི་གོ་དོན་ཏན་ཏན་ཏིག་ཏིག་བྱེད་ནས་ཤེས་འདོད་ཡོད། འོན་ཀྱང་དེ་ཚོར་འབྱུང་ཁུངས་ཞིག་ཡིན་གཅིག་མིན་གཉིས་ཡོད་དགོས་པའི་ཁྱབ་པ་མེད། དེ་ཚོའི་ཐོག་གླེང་མོལ་བྱེད་དགོས་དོན་ནི་ཁ་ཙ་དགོས་ཐུག་གི་ཟིན་བྲིས་འདི་འབྲི་དགོས་ཞིང་དེ་ཐོག་ཁ་ཡོད་ལག་ཡོད་ཀྱི་བརྗོད་གཞི་འདི་ལས་རག་མ་བྱུང་། དེ་ན་བསམ་ཚུལ་ཐ་རེ་ཐོ་རེ་འདི་ཞུ་དགོས་བྱུང་། མ་གཞི་ནས་”ཐ་རེ་ཐོ་རེ་”ཟེར་བའི་འབྱུང་ཁུངས་ག་རེ་ཡིན་ཡིན། 🙂

རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་བརྩེ་བ་དང་འབྲེལ་བའི་སྐོར་།

 

གུས་ནས་ནང་ཆོས་སྐོར་ཤེས་ཐབས་བྱེད་སྟངས་གཅིག་ནི་བླ་མ་ཁག་ནས་དབྱིན་སྐད་ཐོག་གསུང་ཆོས་སོགས་གནང་བ་དེ་ཚོར་ཉན་ནས་གོ་བ་ལེན་ཐབས་བྱེད་པ་དེ་ཡིན། དེ་ཐོག་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ནས་བཀ།འ་གནང་བ་དེ་ཚོ་བློ་ལ་འཇུག་པོ་ཡོང་གི་འདུག

རིན་པོ་ཆེས་སིང་ག་པོར་བརྩེ་བ་དང་འབྲེལ་བའི་སྐོར་མང་ཚོགས་ལ་བཀའ་གནང་བ་འདི་བརྒྱུད་ནང་ཆོས་ཀྱི་སྙིང་པོ་རྣམས་ངོ་སྤྲོད་ལེགས་པོ་གནང་གི་འདུག ཁོང་ནས་རང་ཉིད་དཔྱད་ཞིབ་ཀྱི་རྒྱུ་བཟོས་ནས་འགྲེལ་བརྗོད་གནང་སྟངས་ལ་གཟིགས་དང་།

 

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་བོད་ནང་གི་གནས་སྟངས་ཐོག་གླེང་མོལ།

ཟླ་༣ཚེས་༣ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་ཐོག་དཔྱད་ཞིབ་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཞིང་། དེ་ཐོག་ཀིརྟི་དགོན་པའི་སྐུ་ཞབས་བློ་བཟང་ཡེ་ཤིས་ལགས་དང་གུས་གཉིས་མཉམ་གླེང་མོལ་གནང་བའི་བརྙན་འཕྲིན་དེ་འདིར་གཟིགས་དང་།

བོད་ཀྱི་དཀའ་རྙོག་དེར་རྒྱ་ནག་གཞུང་གི་གདོང་ལེན་བྱེད་ཐབས་ཐོག་དཔྱད་ཞིབ་ཞིག

 

བོད་ཀྱི་དཀའ་རྙོག་དེར་རྒྱ་ནག་གཞུང་གི་གདོང་ལེན་བྱེད་ཐབས་ཐོག་དཔྱད་ཞིབ་ཞིག

བུ་ཆུང་ཚེ་རིང་།

༼རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་དྲ་ཚིགས་ནས།༽

 

༢༠༡༣ཟླ་ བ་༡ཚེས་༣༡ཉིན་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ནང་བོད་དང་། ནང་སོག ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས་དང་། དེའི་རྐྱེན་རྒྱ་ནག་ནང་མི་རིགས་ཀྱི་དཀའ་རྙོག་ཡོང་རྒྱུ་ཡིན་མིན་ཐོག་བགྲོ་གླེང་ཞིག་ནང་གུས་ནས་གཤམ་གི་དོན་གནས་ཐོག་གཏམ་བཤད་བྱས། བགྲོ་གླེང་དེ་ནི་ཨ་རིའི་ནང་རྒྱ་རིགས་ཀྱི་ཚོགས་པ་ཞིག་ནས་གོ་སྒྲིག་གནང་བ་རེད།

Watch the video

 

བར་ སྐབས་ཞིག་ནས་བོད་ནང་རང་ལུས་མེར་སྲེག་གཅིག་རྗེས་གཉིས་མཐུད་གནང་བ་དེས་ད་ལྟ་ བོད་ཀྱི་ཡ་ང་བའི་གནས་སྟངས་དེ་མཚོན་གྱི་ཡོད། འོན་ཀྱང་དེ་འབྱུང་རྐྱེན་བོད་ཀྱི་དཀའ་རྙོག་དེར་རྒྱ་ནག་གཞུང་ནས་གདོང་ལེན་ བྱེད་སྟངས་དེ་འཕྲལ་ཕུགས་གཉིས་དང་བོད་རྒྱ་གཉིས་ཀར་ཕན་ཐོག་མེད་པ་བྱུང་ཞིང་། བོད་ཐོག་རྒྱ་ནག་གིས་སྲིད་བྱུས་ནོར་པ་ལག་ལེན་ལྟར་བཞིན་པ་དེས་བོད་ཀྱི་དཀའ་ རྙོག་དེ་ཛ་དྲག་ཏུ་གཏོང་བཞིན་པ་རེད།

རྒྱ་ ཆེ་བའི་ཕྱོགས་ཐོག་ནས་གཟིགས་ན་རྒྱ་ནག་ནས་བོད་ཀྱི་དཀའ་རྙོག་དེ་གདོང་ལེན་བྱེད་ ཐབས་ལམ་གཉིས་བརྒྱུད་གནང་བཞིན་འདུག གཅིག་ནི་དཀའ་རྙོག་དེ་བོད་མི་ལྟ་བུ་གྲངས་ཉུང་མི་རིགས་ཟེར་བ་ཚོར་རྩ་ཁྲིམས་ནང་ གསལ་བའི་ཐོབ་ཐང་དམིགས་བསལ་འགའ་ཞིག་ཡོད་པའི་རྐྱེན་ཡིན་པའི་ཡིད་ཆེས་ཀྱིས་ཐོབ་ ཐང་དེ་ཚོ་མེད་པ་བཟོ་ཐབས་གནང་། དེའི་དཔེ་མཚོན་ནི་༢༠༡༡ཟླ་༡༢ནང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ གཞོན་པ་ཀྲུའུ་ཝེ་ཆུན་ནས་གཞུང་འབྲེལ་གསར་ཤོག་ཞིག་ནང་དེང་རྒྱ་ནག་ནང་བྱུང་ བཞིན་པའི་མི་རིགས་ཀྱི་དཀའ་རྙོག་རྣམས་མི་རིགས་ཚོར་སྲིད་བྱུས་ཐ་དད་ཞིག་ཡོད་ པའི་རྐྱེན་ཡིན་པས་དེ་མེད་པ་བཟོ་དགོས་གསུངས། སྐུ་ཞབས་ཀྲུའུ་ནས་གསུངས་པ་དེ་དེ་སྔོན་རྒྱ་ནག་གི་དཔྱད་ཞིབ་པ་འགའ་ཞིག་ནས་ གསུངས་ཡོད་ཞིང་དེ་ཐོག་དེང་རྒྱ་ནག་ནང་གླེང་མོལ་ཡོང་བཞིན་པ་ཡིན། འོན་ཀྱང་ཁོང་ནི་བོད་ཀྱི་གནད་དོན་ཐོག་འགན་ཡོད་མཁན་རྒྱ་ནག་གི་དཔོན་རིགས་ཞིག་ ཡིན་པ་དེས་ཁོང་གི་དགོངས་འཆར་དེར་གོ་བ་གསར་པ་ཞིག་ཡོད་དགོས། གང་ལྟར་ད་ལྟའི་ཆར་ཁོང་གི་དགོངས་འཆར་དེར་ལག་ལྟར་བྱུང་མེད་པ་ལྟ་བུ་འདུག་པས་ དེས་ད་ལྟའི་རྒྱ་ནག་གི་དབུ་ཁྲིད་ཚོའི་དབར་མི་རིགས་གནད་དོན་ཐོག་ཁ་མཐུན་གྱི་ མེད་པ་མཚོན།

ཁོང་ ཚོས་ལག་ལྟར་བྱེད་བཞིན་པའི་ཐབས་ལམ་གཉིས་པ་དེ་ནི་བོད་མིར་མི་རིགས་དབྱེ་འབྱེད་ ཀྱི་སྲིད་བྱུས་དེ་ཡིན། ཉེ་བའི་ཆར་བྱུང་བའི་དེའི་དཔེ་མཚོན་ཁག་གཅིག་ནི་གཤམ་གསལ་ཡིན།

༡། དེང་རྒྱ་ནག་ནང་རྒྱ་རིགས་ཚོར་སྔར་ལས་ཆེ་བའི་སྨྲ་བརྗོད་དང་། འགྲོ་བསྐྱོད། འདུ་འཛོམས་སོགས་ཀྱི་རང་དབང་ཡོད་ལ་བོད་ཀྱི་ས་ཁུལ་ཁག་ལ་སྔར་ལས་དམ་དྲག་ཤུགས་ ཆེན་བཏང་ཞིང་བོད་ཡོངས་རྫོགས་བཙོན་ཁང་ཆེན་པོ་ལྟ་བུར་སྒྱུར་ཡོད།

༢། བར་སྐབས་ནས་རྒྱ་ནག་གིས་ཕྱི་སྐྱོད་ལག་ཁྱེར་རག་རྒྱུ་ལས་སླ་བ་བཟོས་ཞིང་རྒྱ་མི་ ཡིན་ན་ཕལ་ཆེར་བདུན་ཕྲག་གཅིག་ནང་ལག་ཁྱེར་གསར་པ་དེ་རག་ཐུབ་ཀྱི་ཡོད། འོན་ཀྱང་བོད་མི་ཚོར་དེང་ལག་ཁྱེར་རག་རྒྱུ་དཀའ་ཁག་ཆེ་རུ་ཕྱིན་ཡོད་པ་མ་ཟད་བོད་ མི་འགའ་ཞིག་ལ་ལག་ཁྱེར་ཡོད་པ་དེ་ཚོའང་ཕྱིར་བསྡུ་རུབ་བྱེད་པའི་གནས་སྟངས་ཡིན།

༣། ཉེ་ཆར་རྒྱ་ནག་ནས་སྤོབ་པའི་ཐོག་བོད་ནང་ཡུལ་སྐོར་སྤྲོ་འཁྱམས་ཡོང་མཁན་མང་དུ་ འགྲོ་ཡི་ཡོད་པ་དང་། ༢༠༡༢ ལོར་ལྷ་སར་ཡུལ་སྐོར་སྤྲོ་འཁྱམས་པ་གྲངས་འབོར་ས་ཡ་༦་༥བྱུང་ཡོད་པའི་གསལ་ བསྒྲགས་བྱས། འོན་ཀྱང་དེང་བོད་མི་ཚོར་ལྷ་ས་སོགས་བོད་ཀྱི་ས་ཁུལ་ཁག་ནང་འགྲུལ་བསྐྱོད་བྱེད་ རྒྱུར་དམ་དྲག་ཆེ་རུ་ཕྱིན་ཡོད། མདོ་ཁམས་སོགས་ནས་བོད་མི་ལྷ་སར་བསྐྱོད་འདོད་ཡོད་མཁན་ཚོས་ཉུང་ཐར་བཀའ་ཁྲོལ་མ་ འདྲ་བ་ཁག་བཞི་ཞུས་དགོས་ཡོད།

 

༤། རྒྱ་ནག་ནས་༢༠༡༢ལོར་ནག་ཉེས་ཁྲིམས་ལ་བསྐྱར་བཅོས་བྱས་ནས་དེ་ནང་འགྲོ་བ་མིའི་ ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆ་རྐྱེན་སོགས་ལེགས་བཅོས་ཀྱི་རྣམ་པ་ཡོད་པ་ ཕྱིར་བསྒྲགས་བྱེད་པའི་སྐབས་བོད་པའི་ཐོག་ཁྲིམས་དམ་དུ་བཏང་ཞིང་ད་ཆ་བོད་མི་རང་ ལུས་མེར་སྲེག་ལྟ་བུར་མཚོན་ན་ལས་འགུལ་དེ་ནག་ཉེས་ཡིན་པ་མ་ཟད་ལས་འགུལ་སྤེལ་ མཁན་གྱི་ནང་མི་དང་ངོ་ཤེས་སོགས་ཀྱང་ནག་ཉེས་ཡོད་པའི་སྡིག་ར་བསྐུལ་བཞིན་པའི་ དུས་ཡིན།

གོང་གི་གནས་སྟངས་དེས་དེང་བོད་མིའི་འཚོར་བ་གང་འདྲ་ཡོང་གི་ཡོད་མིན་གསལ་པོ་རྟོགས་ཐུབ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ག་རེ་གནང་དགོས་སམ།

 

 

ཟླ་༡༠ཚེས་༧ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་དུས་དྲན་ཉིན་འདི་ག་ཨ་རི་རྒྱལ་སའི་ཁུལ་གྱི་ས་གནས་གཞོན་ནུ་ནས་གུས་པར་ཚོགས་མི་ཚོར་སྐད་ཆ་བཤད་དགོས་པའི་འབོད་བསྐུལ་མ་གནང་བྱུང་།

 

དེ་སྐབས་གུས་ནས་དོན་གནད་གསུམ་ཐོག་ས ཁུལ་འདིའི་བོད་ཀྱི་གཞོན་ནུའི་ཚོགས་མི་ཚོས་ཐུགས་སྣང་དགོས་པའི་སྐོར་ཞུས་པ་ཡིན། 

དང་པོ་ནི་དེང་གི་གཞོན་ནུའི་ཚོགས་མི་ཚོས་ལྷན་ཚོགས་དེ་ཐོག་མར་དབུ་བརྙེས་སྐབས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་། དེ་དང་འབྲེལ་བའི་ལོ་རྒྱུས་ལེགས་པོ་མཁྱེན་དགོས་ཡོད།

གཉིས་པ་དེ་ནི་གཞོན་ནུ་ལྷན་ཚོགས་ནས་རྒྱ་བལ་འབྲུག་གསུམ་གྱི་གནས་སྟངས་ཐོག་གཟིགས་ནས་ཚོགས་པའི་དམིགས་ཡུལ་དང་ལས་འགན་དེ་གསལ་སྟོན་གནང་ཡོད། དེ་ནང་དམངས་གཙོ་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ་གཙོས་པའི་གཞོན་ནུའི་ལས་དོན་དེ་ཚོ་ཡིན། གསུམ་པ་དེ་ཨ་མེ་རི་ཀའི་གནས་སྟངས་དེ་རྒྱ་གར་ཁུལ་གྱི་གནས་སྟངས་དང་མ་འདྲ་བ་སོང་འདི་ཁུལ་གཞོན་ནུའི་སྒྲིག་འཛུགས་ནས་ལས་དོན་བྱེད་ཕྱོགས་ཐད་དགོངས་པ་བཞེས་དགོས། གུས་པའི་བསམ་པར་འདི་ཁུལ་གཞོན་ནུའི་ལྷན་ཚོགས་ནས་ཨ་རིའི་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཀྱི་སྒྲིགས་འཛུགས་གཞན་དང་འབྲེལ་བ་བཟོས་ནས་ཨ་རིའི་ཆབ་སྲིད་འགྲོ་ལུགས་ཐོག་མཉམ་ཞུགས་གནང་དགོས། དཔེར་ན་འདི་ཁུལ་ཆབ་སྲིད་ཚོགས་པ་ཆེ་བ་གཉིས་ནི་དམངས་གཙོ་དང་སྤྱི་མཐུན་གཉིས་ཡིན་ཞིང་དེ་གཉིས་ལ་ན་གཞོན་གྱི་ཡན་ལག་སློབ་གྲ་ཁག་ཏུ་ཡོད་པས་དེ་ཚོར་བོད་ཀྱི་གཞོན་ནུ་ཚོགས་པས་འབྲེལ་བ་གནང་དགོས་པ་སོགས་དགོངས་པ་བཞེས་ཕྱོགས་ལ་འགྱུར་བ་དགོས་པའི་སྐོར་ཞུ་རྒྱུ་བྱུང་།