ག་པ་ཕེབས་ཀྱི་ཡོད་དམ། མང་ཚོགས་ཀྱི་བཤད་སྲོལ་ལ་དཔྱད་པ།

སྤྱི་ཚོགས་ནང་རིག་གཞུང་དང་ཁོར་ཡུག་འདྲ་མིན་ཡོད་རྐྱེན་མི་མང་དབར་འབྲེལ་བ་གནང་སྟངས་ཡང་དེ་མཚུངས་སྣ་ཚོགས་འདུག དཔེར་ན་མི་ངོ་ཤེས་གཉིས་ལམ་དུ་མཇལ་བ་ཡིན་ཚེ་ཁོང་གཉིས་དབྱིན་སྐད་སྐྱོན་མཁན་ཡིན་ན་ “ཧའོ་ ཨར་ཡུ་” ཟེར་ཞིང་། ཐད་སྒྱུར་བྱེད་ན་”ཁྱེད་རང་གང་འདྲ་ཡོད་”དང་གོ་དོན་གྱི་”ཁྱེད་རང་གཟུགས་པོ་བདེ་པོ་ཡིན་ནམ་”ཟེར་བ་དེ་རེད། ཡང་དབྱིན་སྐད་ཐོག་དེ་ལས་ལེགས་པ་གསུངས་མཁན་ཚོས་ “ཧའོ་ ཌུ་ ཡུ་ ཌུ་” གསུངས། དེ་ཐད་སྒྱུར་བྱེད་ན་”ཁྱེད་ནས་གང་འདྲ་གནང་གི་ཡོད་དམ་”ཟེར་རུང་གོ་དོན་དུ་བདེ་པོ་ཡིན་ནམ་ཡིན། འོན་ཀྱང་དེའི་ལན་དུ་”བདེ་པོ་ཡིན་”གསུངས་སྲོལ་མེད། ཕར་ཡང་ “ཧའོ་ ཌུ་ཡུ་ ཌུ་” གསུངས་དགོས་ཡོད། དེང་སང་ནུབ་ཕྱོགས་པ་གཉིས་མཇལ་བ་ཡིན་ན་ཕལ་ཆེར་ “ཧེ་ལོ་” འམ་ “ཧ་ཡེ་” བརྗོད་ཀྱི་རེད།

བོད་མི་ཡིན་ན་ཁག་གཅིག་ནས་”བདེ་མོ་”བཤད་སྲོལ་ཡོད་འདུག འོན་ཀྱང་”ག་པ་ཕེབས་ཀྱི་ཡོད་དམ་”ཡང་འདྲི་སྲོལ་ཡོད། དེ་ནི་ཕལ་ཆེར་རྒྱ་གར་བའི་གཤིས་ཀ་ཡིན་ས་རེད། དྲི་བ་འདིར་བོད་མིའི་ནང་རྣམ་རྟོག་མེ་རུང་ནུབ་ཕྱོགས་པ་ལྟ་བུ་ཡིན་ན་སྒེར་གྱི་གནད་དོན་ལ་བྱུས་ཏོག་བྱེད་པ་ལྟ་བུར་འཚོར། ཡང་བོད་མིའི་དབར་དྲི་བ་འགའ་ཞིག་ལ་ལན་ཧ་གོ་བཞིན་དུ་འདྲི་སྲོལ་ཡོད། དཔེར་ན་ཕྲུ་གུ་ཞིག་ནས་སློབ་གྲའི་སྒྲིག་ཆས་གྱོན་ཞིང་དེབ་ལག་ཏུ་འཁྱེར་ཡོད་བཞིན་དུ་”སློབ་གྲར་འགྲོ་གི་ཡོད་པས་”ལྟ་བུ་དང་། གཞིས་ཆགས་ནང་རྒན་པ་ཞིག་ཆུ་རླུག་ཆེད་གནོད་འཁྱེར་བ་ཞིག་ལ་”ཆུ་ལེན་དུ་འགྲོ་གི་ཡོད་དམ་”སོགས་འདྲི་བ་ལྟ་བུ་རེད། དེང་བོད་མི་མང་པོས་ཕན་ཚུན་མཇལ་སྐབས་བཀྲིས་བདེ་ལེགས་གསུངས་ཀྱི་རེད། སྐུ་གཟུགས་བདེ་པོ་ཡིན་ནམ་འདྲི་རྒྱུ་དེ་དེ་རྗེས་གནང་གི་རེད། འབྲུག་པ་ཚོ་ཡིན་ན་རྒྱུན་དུ་ཕན་ཚུན་མཇལ་དུས་ཐོག་མར་སྐུ་གཟུགས་བཟང་པོ་ཞུ་བ་དང་ལས་དོན་ཞིག་ཐོག་འཚམས་འདྲི་ཞུ་དགོས་ན་གཞི་ནས་བཀྲིས་བདེ་ལེགས་ཞུ་སྲོལ་འདུག སྔར་བོད་མིའི་ཁུལ་དེ་ལྟར་ཡིན་ས་རེད།

ཡང་ཚོང་ཁང་དུ་བསྐྱོད་ན་རྒྱ་གར་བའི་ཚོང་ཁང་ཡིན་ན་ཚོང་པས་ཕལ་ཆེར་ “ཀྱ་ ཅ་ཡི་ ཡེ་” འདྲི་ཡི་རེད་བསམ། དེའི་དོན་ནི་”ག་རེ་དགོས་ཡོད་དམ་”ཟེར་བ་ཡིན། ཨ་མེ་རི་ཀའི་ཚོང་ཁང་ཞིག་ནང་ཚོང་པས་ “མེ་ ཨཡེ་ ཧེལེབ་ ཡུ་” “ངས་ཁྱེད་ལ་རོགས་པ་བྱེད་དགོས་སམ་”འདྲི་བ་རེད།

Advertisements