བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་གུས་པའི་བསམ་ཚུལ།

ཉེ་ཆར་གུས་རང་བཞུགས་སྒར་དུ་བསྐྱོད་སྐབས་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲིས་ལགས་ནས་བཅར་འདྲི་གནང་བྱུང་བས་དེ་ཚགས་པར་གྱི་དྲ་ཚིགས་སུ་བཀོད་འདུག གཤམ་དུ་དེའི་ངོ་བཤུས་ཡོད།

ཐ་སྙད་གནད་འགག་ཆུང་བ་དང་དོན་དག་གནད་འགག་ཆེ་བ་རེད།
འདོན་སྤེལ། ༢༠༡༡/༠༦/༡༠

ཉེ་ལམ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྟེང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་གནད་དོན་ཁག་ལ་བསྐྱར་བཅོས་བཏང་ཞིང་། བཙན་བྱོལ་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་གནང་བ་བཅས་ལ་བརྟེན་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཐད་ནས་དགོངས་པ་ཞུས་པའི་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ།
ལན། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་ལོའི་ཕྱི་ཟླ་ ༣ པའི་ནང་གཞུང་འབྲེལ་ཐོག་ནས་བཀའ་གནང་བ་དེ་ནི། དགོངས་པ་ཆེན་པོ་བཞེས་ཏེ་ད་ལྟའི་བོད་མིའི་གནས་སྟངས་དང་། འབྱུང་འགྱུར་སོགས་གཞིར་རྩར་བཞག་སྟེ་གོམ་པ་མདུན་སྤོ་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་བོད་མི་ཡིན་པའི་ཆ་ནས་རྒྱལ་བ་རིན་པོ་ཆེས་བཀའ་མ་འདྲ་བ་ཞིག་གནང་ཡོང་སྐབས་སེམས་འཚབ་ཡོང་གི་ཡོད་པ་ཆོས་ཉིད་རེད། འོན་ཀྱང་། དེ་ནི་སྡུག་ཕྱོགས་མིན་པ་ཧ་གོ་དགོས་པ་རེད། སྤྱི་ཚོགས་ནང་སྡུག་ཕྱོགས་ལ་ངོས་འཛིན་བྱེད་མཁན་དང་། ༧རྒྱལ་བ་རིན་པོ་ཆེས་མི་དམངས་བློས་བཏང་བ་རེད་ཟེར་བའི་སྐད་ཆ་ཡོང་གི་འདུག འོན་ཀྱང་དོན་དངོས་ཐོག་དེ་འདྲ་ཞིག་རྩ་བ་ནས་མ་རེད། ཐེངས་འདིའི་༧རྒྱལ་བ་རིན་པོ་ཆེས་གནང་སྟངས་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་མི་དམངས་ལ་ཡིད་ཆེས་གནང་གི་ཡོད་པ་རེད། ཡིག་ཆ་གང་འདྲ་ཞིག་བཟོས་པ་དང་། མིང་གང་འདྲ་ཞིག་བཏགས་ཀྱང་། ལོ་རྒྱུས་ཐོག་གི་༧གོང་ས་སྐུ་ཕྲེང་ན་རིམ་གྱི་བླ་བྲང་དང་། བོད་མིའི་བར་གྱི་འབྲེལ་བ་དེ་ལ་འགྱུར་བ་འགྲོ་མི་སྲིད་པ་ཞིག་རེད། བོད་ནང་གི་བོད་མི་དང་༧གོང་ས་མཆོག་གི་འབྲེལ་བ་དེ་བཅའ་ཁྲིམས་ཀྱིས་བཟོ་དགོས་པ་ཞིག་མ་རེད། བཅའ་ཁྲིམས་མེད་པའི་སྔ་རོལ་ནས་ཡོད་བསྡད་པ་ཞིག་རེད། འདི་ཤེས་དགོས་པ་གནད་འགག་ཆེ་པོ་རེད།

དྲི་བ། བཅའ་ཁྲིམས་བསྐྱར་བཅོས་ནང་དུ་ཡང་བསྐྱར་༧གོང་ས་མཆོག་ལ་འགན་དབང་གང་འཚམ་ཞིག་ཕུལ་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། རྩ་བའི་ང་རང་ཐེངས་འདིའི་ཚོགས་ཆེན་ལ་བཅར་རྒྱུ་མ་བྱུང་སྟབས་ཞིབ་ཚགས་ཤེས་ཀྱི་མེད། ང་རང་གི་ལངས་ཕྱོགས་གང་ཡིན་ཟེར་ན། ༧གོང་ས་མཆོག་དང་བོད་མིའི་བར་གྱི་དམིགས་བསལ་འབྲེལ་བ་དེ་བཅའ་ཁྲིམས་ནང་གསལ་དགོས་པ་ཞིག་དང་། ༧གོང་ས་མཆོག་གིས་སྔོན་མ་གྲོས་ཚོགས་ལ་གསུང་འཕྲིན་ཕེབས་པའི་ནང་། བོད་ཀྱི་རྩ་དོན་ཐོག་ངས་མུ་མཐུད་འགན་འཁྱེར་རྒྱུ་ཡིན་གསུངས་པ་དེ་མེད་དུ་མི་རུང་བ་ཞིག་རེད། དེ་མིན། ནུབ་ཕྱོགས་ཁག་གི་འགྲོ་སྟངས་དེ་འདྲ་ང་ཚོའི་སྤྱི་ཚོགས་ནང་འཁྱེར་ཡོང་བ་ཡིན་ན་འགྲིག་གི་མ་རེད། གལ་སྲིད་དེ་འདྲ་ཡོད་ན་མུ་མཐུད་དགོངས་པ་གཏིང་ཟབ་བཞེས་དགོས་པ་རེད། ང་ཚོའི་གནས་བབ་དམིགས་བསལ་ཞིག་ཡིན་པ་དེ་དམིགས་བསལ་རང་གི་ཐོག་ནས་བཞག་ན་གཟི་བརྗིད་ཆེན་པོ་རེད།

དྲི་བ། རྒྱལ་ཡོངས་ཚོགས་ཆེན་དང་གྲོས་ཚོགས་འཕར་མ་བཅས་ཀྱི་སྟེང་བཙན་བྱོལ་བོད་གཞུང་གི་མིང་དེ་ཕྱིར་བསྡུ་བྱས་པ་དེར་ངོས་འཛིན་གང་འདྲ་ཡོད་དམ།
ལན། དེ་ནི་ང་ཚོས་ཆབ་སྲིད་ཀྱི་སྲིད་བྱུས་གང་འདྲ་ཞིག་གཏན་འབེབས་བྱ་མིན་ལ་རག་ལས་ཡོད་པ་རེད། སྤྱིར་བཏང་བོད་གཞུང་ཟེར་བ་དེ་ཚིག་ལྗིད་ཁོག་ཆེན་པོ་ཞེ་དྲག་རེད། དེ་ལ་མཚོན་རྟགས་དང་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་མཛད་གཙོ་རྣམ་པས་དགོས་མཁོའི་དབང་གིས་མིང་དེ་ལ་འགྱུར་བ་གཏོང་དགོས་པ་ཡིན་ན། གཞུང་ཟེར་བའི་ཚིག་དེ་ཐ་སྙད་ཙམ་རེད། ཐ་སྙད་དེར་ལྗིད་ཁོག་ག་ཚོད་ཅིག་ཤོང་མིན་མི་དམངས་ལ་རག་ལས་ཡོད་པ་རེད། བོད་གཞུང་ཟེར་བ་དེ་སྔོན་མ་ལྷ་ས་སྡེ་བ་གཞུང་གི་ཁྱབ་ཁོངས་ཙམ་རེད། ཨ་མདོ་ཁུལ་དང་ཁམས་ཀྱི་ས་ཆ་མང་པོ་ཞིག་བོད་གཞུང་གི་འོག་ཏུ་ཁྱབ་ཀྱི་ཡོད་པ་མ་རེད། འོན་ཀྱང་བོད་མི་ཡོངས་ཀྱིས་སྡེ་བ་གཞུང་དང་འབྲེལ་བ་གང་འདྲ་ཡོད་མེད་ལ་མ་ལྟོས་པར་༧རྒྱལ་བ་རིན་པོ་ཆེ་རྩ་བའི་བླ་མ་ཡིན་པ་དང་བོད་མི་སྤྱིའི་དབུ་འཁྲིད་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད། དེའི་རྐྱེན་གྱིས་ང་དགུའི་རྗེས་ལ་ཡང་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ཀྱིས་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་འདི་ལ་བརྩི་བཀུར་ཞུ་བཞིན་ཡོད་པ་རེད། བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་ཙམ་ལ་འགྱུར་བ་གང་འདྲ་ཞིག་བཏང་ཡང་། ང་ཚོས་ཞབས་ཞུ་སྒྲུབ་ས་དང་བརྩི་བཀུར་ཞུ་ས་གཙོ་བོ་དེ་སྒྲིག་འཛུགས་འདི་རེད་བསམ་གྱི་ཡོད། མིང་ཆེན་པོ་ཞིག་བཏགས་ཏེ་དོན་དག་ངོ་མའི་ཐོག་ལ་ཕན་ཐོགས་ཀྱི་མེད་པ་མ་ཟད། རྒྱལ་ཁབ་གཞན་མང་པོ་ཞིག་གིས་ང་ཚོར་འབྲེལ་བ་བྱ་རྒྱུར་འགོག་རྐྱེན་ཆགས་ཀྱི་ཡོད་ན། ང་ཚོས་ང་ཚོའི་ལག་པ་བསྡམ་གྱི་ཡོད་པ་ཤེས་དགོས་པ་རེད། ང་ཚོས་དོན་དག་གནད་འགག་ཆེ་བ་དང་ཐ་སྙད་གནད་འགག་ཆུང་བར་བརྩི་དགོས་པ་རེད། དོན་དག་དེ་བསྒྲུབ་པའི་ཆེད་དུ་ཐ་སྙད་བརྗེ་བོ་རྒྱག་དགོས་ཀྱི་ཡོད་ན་ཐེ་ཚོམ་བྱ་རྒྱུ་ཡོད་པ་མ་རེད།

དྲི་བ། སྤྱི་ཚོགས་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཆེན་པོ་གཏོང་རྒྱུར་བཀའ་སྤྱི་གཉིས་ཀྱི་ལས་འགན་ཙམ་མིན་པར། ཤེས་ལྡན་མི་སྣ་དང་ཁྲིམས་ལུགས་ཆེད་མཁས་པས་བསྒྲུབ་དགོས་པ་ཞིག་ཡིན་སྐོར་རྗོད་མཁན་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། བཙན་བྱོལ་བོད་མའི་སྒྲིག་འཛུགས་དེ་རང་དབང་ཅན་གྱི་སྒྲིག་འཛུགས་ཤིག་མིན་པ་དེ་ཚང་མས་མཁྱེན་གྱི་ཡོད་པ་རེད། དམིགས་བསལ་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད། རྒྱ་གར་གཞུང་དང་། དེ་མིན་བོད་མི་སྐྱབས་བཅོལ་བ་གནས་ཡུལ་གྱི་གཞུང་ཁག་གི་འོག་ཏུ་ཕྱག་ལས་གནང་དགོས་ཀྱི་ཡོད་པ་རེད། གཞུང་གཞན་པའི་དམིགས་ཡུལ་དང་ལས་དོན་གཙོ་བོ་འཛིན་སྐྱོང་རེད། ང་ཚོའི་གཞུང་འདིས་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་བཟུང་སྟེ་ལས་འགུལ་རང་བཞིན་གྱི་གཞུང་ཞིག་རེད། ལས་དོན་དེ་བསྒྲུབ་པར་ཐབས་ལམ་ཡག་ཤོས་གང་ཞིག་ཡོད་ན་དེ་གཙོ་བོར་འཛིན་དགོས་པ་རེད། བཅའ་ཁྲིམས་བསྐྱར་བཅོས་གནང་མཁན་སུ་ཡིན་དང་། བསྐྱར་བཅོས་ནང་གི་མིང་ཚིག་ལ་འགྱུར་བ་གང་འདྲ་གཏོང་མིན་དེ་གཙོ་བོ་མ་རེད། རྒྱ་བལ་འབྲུག་གསུམ་གྱི་བོད་པ་སྐྱབས་བཅོལ་བ་ཚོ་གང་འཚམ་འགྲིག་བསྡད་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཉིན་རེ་བཞིན་བོད་པ་མང་དུ་འགྲོ་བཞིན་ཡོད་ཀྱང་བོད་པའི་ངོ་བོར་འགྱུར་བ་འགྲོ་བཞིན་ཡོད། གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ཆགས་བཞིན་ཡོད། ཁོང་ཚོ་དམིགས་བསལ་གྱི་ངོ་བོ་ཞིག་གི་འོག་ཏུ་ཡོད། དམིགས་བསལ་ངོ་བོ་དེ་ལ་ང་ཚོའི་སྒྲིག་འཛུགས་འདིས་དགོངས་པ་བཞེས་ཐུབ་པ་ཞིག་བཟོ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད། ངོ་བོ་གསར་པ་དེ་ལ་ནུས་པ་གསར་པ་ཞིག་ཡོད་པ་རེད། ཨ་རིའི་མི་སེར་ཞིག་དང་ཨ་རིའི་མི་སེར་ཡིན་པའི་བོད་པ་སྐྱབས་བཅོལ་བ་ཞིག་གི་ནུས་པ་ཁ་ཁ་ཡིན། ཇེའུ་མི་རིགས་ཀྱི་རྒྱལ་ཁའི་འབྱུང་ཁུངས་ཡང་དེ་རེད། སྐབས་དེར་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་ཇེའུ་མི་རིགས་ཚང་མ་སྐྱབས་བཅོལ་བ་མ་རེད། རྒྱལ་ཁབ་དེ་དག་གི་མི་སེར་ཆགས་བསྡད་ཡོད་ཀྱང་། མི་རིགས་ཀྱི་ངོ་བོ་དང་དམིགས་ཡུལ་བརླག་ཡོད་པ་མ་རེད། འོན་ཀྱང་ང་ཚོའི་སྒྲིག་འཛུགས་འདིས་གང་འདྲ་ཞིག་ལ་དགོངས་པ་བཞེས་ཀྱི་ཡོད་པ་དང་། ག་ཚོད་ཅིག་རྟོགས་ཐུབ་ཀྱི་ཡོད་མེད་ངས་བཤད་ཐུབ་ཀྱི་མི་འདུག

དྲི་བ། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པ་དང་། བོད་གཞུང་དགའ་ལྡན་པོ་བྲང་སྒོ་བརྒྱབ་པ། བཙན་བྱོལ་བོད་གཞུང་གི་མིང་བརྗེ་བསྒྱུར་བྱས་པ་བཅས་ཀྱིས་བོད་མིའི་ཁྲིམས་མཐུན་གཞུང་གི་ངོ་བོར་དོ་ཕོག་འགྲོ་སྲིད་དམ།
ལན། སྤྱིར་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ང་ཚོའི་གཞུང་འདི་ལ་ངོས་ལེན་ཡོད་པ་མ་རེད། འོན་ཀྱང་སྔ་མོའི་བག་ཆགས་ཙམ་ཡོད་དམ་ཟེར་ན། འདི་ལ་ལྟ་ཕྱོགས་གཉིས་ཡོད་པ་རེད། ཕྱོགས་གཅིག་ནས་ཡོད་པ་མ་རེད་ལབ་སྲིད་པ་རེད། གང་ཡིན་ཟེར་ན། དེ་སྔ་ལྷ་སར་ཡོད་པ་དེ་དགའ་ལྡན་ཕོ་བྲང་གཞུང་རེད། ད་ཆར་དེ་སྒོ་བརྒྱབ་ཚར་བ་ཡིན་ན་ལོགས་སུ་གཞུང་ཞིག་ལྷག་གི་ཡོད་པ་མ་རེད། འོན་ཀྱང་། ༧རྒྱལ་བ་རིན་པོ་ཆེ་རང་གི་ཞལ་ནས་བཀའ་གནང་སྟེ་བསྒྱུར་བཅོས་བཏང་བ་ཡིན་ན། དེ་ལ་དམིགས་བསལ་གྱི་ལམ་ཁ་ཞིག་ཡོད་རྒྱུ་རེད། གཙོ་བོ་གཞུང་གསར་པ་འདི་ལ་༧རྒྱལ་བ་རིན་པོ་ཆེ་ཡིས་ངོས་ལེན་ཡོད་པ་རེད་དམ་མ་རེད། གལ་སྲིད་ཡོད་ན། ཁྲིམས་ཐོག་ནས་ཀྱང་དེ་ལས་ལྷག་ཅིག་དཔུང་པོར་འཇོག་རྒྱུ་ཡོད་པ་མ་རེད། གཞན། བོད་མི་སོ་སོའི་ལུང་པའི་ནང་སྡོད་མ་ཐུབ་པར་ཕྱི་རྒྱལ་ལུང་པར་སྐྱབས་བཅོལ་དུ་ཡོང་གི་ཡོད་པའི་དྲང་བདེན་མ་ཡིན་པའི་གནས་ཚུལ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་བཞིན། ཤེས་ཡོན་ཐོག་རྒྱབ་སྐྱོར་བྱེད་མཁན་དང་། ཁོར་ཡུག་ཐོག་རྒྱབ་སྐྱོར་བྱེད་མཁན། འཕྲོད་བསྟེན་ཐོག་རྒྱབ་སྐྱོར་བྱེད་མཁན། བུད་མེད་དང་བྱིས་པའི་ཐོབ་ཐང་ཐོག་རྒྱབ་སྐྱོར་བྱེད་སོགས་ཁོང་ཅག་གིས་ལས་འགན་ཞིག་གི་ངོ་བོའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

དྲི་བ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་བྱེད་ཀྱི་ཡོད་པའི་སྐབས་འདིར། བོད་དབུས་མིའི་སྒྲིག་འཛུགས་དང་གཞི་རིམ་མང་ཚོགས་ཀྱི་ངོས་ནས་གྲ་སྒྲིག་བྱ་དགོས་པ་དེ་འདྲ་མཐོང་གི་ཡོད་དམ།
ལན། ཐེངས་འདིའི་འགྱུར་བ་ཆེ་ཤོས་དེ་བཀའ་བློན་ཁྲི་པའི་མཛད་འགན་ཐོག་ཆགས་ཡོད། དེ་ལ་ང་རང་གིས་དོན་ཚན་གསུམ་དུ་བགོས་ཡོད། དང་པོ། བཀའ་བློན་ཁྲི་པས་བཙན་བྱོལ་བོད་མི་ཙམ་མ་ཡིན་པར་བོད་མི་སྤྱིའི་དབུ་ཁྲིད་ཡིན་པའི་དགོངས་པ་བཞེས་ཐུབ་དགོས་པ་དང་། ཕྱག་ལས་གནང་ཐུབ་དགོས་པ་དེ་གནད་འགག་ཆེ་ཤོས་ཤིག་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་འགན་དབང་མར་གནང་བའི་རྒྱུ་མཚན་གཅིག་ནི། བོད་མི་སྤྱིའི་དབུ་ཁྲིད་ཅིག་འཐོན་ཐུབ་པའི་ཆེད་དུ་རེད། ད་ལྟའི་བཀའ་བློན་ཁྲི་པ་ཙམ་མ་ཡིན་པར་ཇི་སྲིད་ང་ཚོ་བཙན་བྱོལ་དུ་གནས་པ་དེ་སྲིད་དུ་བཀའ་བློན་ཁྲི་པ་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་རེད། དེ་སྔའི་བཀའ་བློན་ཁྲི་པ་རྣམ་པས་དགོངས་པ་དེ་འདྲ་བཞེས་ཐུབ་ཡོད་པ་མ་རེད། ང་རང་གིས་བཙན་བྱོལ་བོད་མིའི་དབུ་ཁྲིད་དང་བོད་མིའི་དབུ་ཁྲིད་གཉིས་ལ་ཁྱད་པར་མཐོང་གི་ཡོད། གཉིས་པ། བཀའ་བློན་ཁྲི་པའི་ངོས་ནས་བོད་ནང་གི་བོད་མི་དང་ཕྱི་ལོགས་སུ་ཡོད་པའི་བོད་མིའི་བར་གྱི་འབྲེལ་ལམ་དང་། བོད་ནང་གི་བོད་མི་དང་༧རྒྱལ་བ་རིན་པོ་ཆེའི་བར་གྱི་འབྲེལ་བ་བརྟན་པོ་བཟོ་ཐབས་ལ་དགོངས་པ་བཞེས་དགོས་ཀྱི་འདུག གསུམ་པ། བོད་མིའི་སྒྲིག་འཛུགས་འདིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་སྤྱིའི་སྟེང་ལ་འབྲེལ་བ་ཉར་ཐུབ་པ་དང་། དེ་སྔའི་འབྲེལ་བ་ཡར་རྒྱས་སུ་བཏང་སྟེ་ང་ཚོར་རྒྱལ་སྤྱིའི་སྟེང་གི་རྒྱབ་སྐྱོར་འཚོལ་རྒྱུ་དེ་རེད། འདི་དག་བཀའ་བློན་ཁྲི་པའི་ལས་འགན་གཙོ་བོ་དག་རེད།

གཞན། གཞོན་སྐྱེས་ཚོས་ཆབ་སྲིད་ཐོག་གཏིང་ཟབ་ས་ནས་དགོངས་པ་བཞེས་དགོས་ཀྱི་འདུག ང་ཚོའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་ལ་ལེགས་བཅོས་དང་ཡར་རྒྱས་གཏོང་དགོས་ས་མང་པོ་ཞིག་འདུག་དྲན་ཡོད། ཐོག་མར་ལས་འགུལ་གྱི་དམིགས་ཡུལ་གསལ་པོ་ངོས་ཟིན་དགོས་པ་རེད། ལས་འགུལ་སྤེལ་བ་དེ་ཉིན་གཅིག་གཉིས་རིང་ཚགས་པར་སྟེང་སྟོན་ཆེད་ཙམ་ཡིན་ན་གནས་ཚུལ་གཞན་ཞིག་རེད། ང་ཚོར་ཞེ་དྲག་ཅིག་ཡོད་མདོག་མདོག་དང་། རྒྱ་ནག་གཞུང་གི་སྐད་ཤོར་གྱི་ཡོད་ལབ་སྟེ་བསྡད་ན། ནམ་ཞིག་རྒྱ་ནག་གིས་ང་ཚོ་རྩ་མེད་བཟོ་རྒྱུ་ལས་ང་རང་ཚོས་ང་རང་ཚོ་རྩ་མེད་བཟོ་རྒྱུའི་ཉེན་ཁ་ཡོད་པ་རེད། རྔམ་སྟོན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་སོགས་ཀྱིས་ཡིད་ཚིམས་ཤིང་། དེ་ནི་འགུལ་ཚད་མཐོ་ཤོས་ཡིན་བསམ་བསྡད་ན། སོ་སོས་སོ་སོར་མགོ་སྐོར་གཏོང་གི་ཡོད་པ་རེད། ལས་འགུལ་གཏིང་ཟབ་པོ་དང་ཕུགས་རྒྱང་རིང་པོ། ཁས་ལེན་དམ་བཅའ་བརྟན་པོ་ཞིག་གི་ཐོག་ནས་མཐར་འཁྱོལ་བ་ཞིག་གནང་དགོས་པ་རེད། གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་པའི་ལས་འགུལ་དེ་འདྲ་ལ་དགོངས་པ་བཞེས་དགོས་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོས་དགོངས་པ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་བཞེས་ཏེ། རྒྱལ་ཁབ་དེའི་ནང་གི་སྲིད་བྱུས་ལ་འགྱུར་གཏོང་ཐུབ་པའི་ལས་འགུལ་སྤེལ་དགོས་པ་རེད།

དྲི་བ། ༧གོང་ས་མཆོག་གི་སྐུ་དབང་ཡོངས་མི་མང་གིས་བདམས་པའི་མགོ་ཁྲིད་ཚོར་ཕུལ་བ་དང་བསྟུན་ཏེ། བཀའ་ཤག་གསར་པའི་བཀའ་བློན་ཁྲི་པར་གཞོན་སྐྱེས་ཤིག་ཕེབས་པ་འདིར་གཟིགས་ཚུལ་གང་འདྲ་ཡོད་དམ།
ལན། ད་ཆར་བཀའ་བློན་ཁྲི་པ་གསར་པ་ཕེབས་ཚར་བ་རེད། གཞོན་སྐྱེས་དང་རྒན་པའི་སྐད་ཆ་བཤད་འདོད་མི་འདུག འདི་མི་མང་གིས་འཚོ་བ་གསར་པ་ཞིག་དང་མངོན་འདོད་གསར་པ་ཞིག་གི་གྲུབ་འབྲས་རེད་བསམ་གྱི་ཡོད། འོན་ཀྱང་མི་མང་གི་མངོན་འདོད་དང་འཚོ་བ་གསར་པ་དེས་འདས་པའི་ང་ཚོའི་དབུ་ཁྲིད་རྒན་རབས་པ་དག་གི་གནང་སྟངས་ལ་འདོད་པ་མ་ཁེངས་པའི་རྣམ་པ་ཞིག་སྟོན་གྱི་ཡོད་ན། བཀའ་བློན་ཁྲི་པ་གསར་པ་འདི་ལ་འགན་མང་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཡང་གཞོན་སྐྱེས་ལ་ཡིད་ཆེས་བྱས་པའི་དབང་གིས་བཀའ་བློན་ཁྲི་པ་གསར་པ་འདི་ཕེབས་པ་ཡིན་ན། གཞོན་སྐྱེས་ཀྱི་རྣམ་དཔྱོད་འདོན་པའི་དུས་ཚོད་ཅིག་ཏུ་བསླེབས་པ་རེད། རེ་བ་དང་ལས་འགན་འདི་དག་ཏག་ཏག་ཅིག་མ་བསྒྲུབ་པ་ཡིན་ན། ང་ཚོའི་མི་མང་ལ་བློ་ཕམ་འབྱུང་བའི་གཞི་ཞིག་ཆགས་ཡོང་གི་རེད། དཔེར་ན། སྔོན་མ་གྲོས་ཚོགས་ཀྱི་གནང་སྟངས་འགྲིག་གི་མི་འདུག གྲོས་ཚོགས་ནང་གཞོན་སྐྱེས་མང་པོ་ཡོང་དགོས་ཀྱི་འདུག་ཟེར་ནས་མང་པོ་བཤད་པ་རེད། བར་སྐབས་ཤིག་ནས་གྲོས་ཚོགས་ནང་གཞོན་སྐྱེས་གང་ལ་གང་འཚམ་བསླེབས་པ་རེད། འོན་ཀྱང་། ད་ཆར་མི་མང་གིས་གྲོས་ཚོགས་ལ་ལྟ་སྟངས་ཇེ་སྡུག་ཏུ་ཕྱིན་སོང་མ་གཏོགས་ཇེ་ཡག་ཏུ་ཕྱིན་ཡོད་པ་མ་རེད། མི་མང་གི་མངོན་འདོད་དེ་རྒན་གཞོན་བར་གྱི་ཁྱད་པར་ཞིག་སྟོན་གྱི་ཡོད་ན། བཀའ་བློན་ཁྲི་པ་གསར་པ་དེར་ཐུགས་འགན་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ་ཡོད།

དྲི་བ། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་རྗེས་སུ། རྒྱ་ནག་གི་ཕྱོགས་ནས་བོད་ཀྱི་གནད་དོན་ལ་ངོས་འཛིན་བྱེད་སྟངས་གང་འདྲ་འབྱུང་སྲིད་དམ།
ལན། ༧གོང་ས་མཆོག་གིས་བཀའ་དེ་གནང་བའི་རྗེས་སུ་ངས་རྩོམ་ཡིག་ཅིག་བྲིས་ཡོད། དེའི་ནང་དོན་ཚན་གསུམ་འདྲ་བཤད་ཡོད། དང་པོ། ༧གོང་ས་མཆོག་གི་བཀའ་གནང་སྟངས་དེས་རྒྱ་གཞུང་གི་འཆར་གཞི་ཆེན་པོ་ཞིག་ལ་དོ་ཕོག་ཕྱིན་པ་རེད། རྒྱ་གཞུང་གིས་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་འདི་བེད་སྤྱོད་གཏོང་ཐབས་མེད་པ་སྔ་མོ་ནས་ཤེས་ཀྱི་ཡོད་ཀྱང་། སྐུ་ཕྲེང་བཅོ་ལྔ་བའི་ཐོག་ལ་སྐྱ་ཐིག་སྣ་ཚོགས་འཐེན་བཞིན་ཡོད་པ་རེད། འོན་ཀྱང་ཐེངས་འདིའི་འཕོ་འགྱུར་གྱིས་༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་འདོད་པའི་འཆར་གཞི་དེ་འཁྲུག་སོང་བ་རེད། ༧གོང་ས་སྐུ་ཕྲེང་བཅུ་བཞི་བ་ནས་བོད་པའི་ཆབ་སྲིད་ཐོག་ཐུགས་འགན་མེད་པ་དང་། མ་འོངས་སྐུ་ཕྲེང་ན་རིམ་གྱི་འགན་དབང་གང་ཡིན་གསལ་བོ་བཟོས་ཚར་བ་རེད། བོད་ནང་གི་བོད་མི་ཚོར་གསལ་བོ་ཆགས་ཡོད་པ་རེད། གཉིས་པ། རྒྱལ་ཁབ་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེར་འབྲེལ་བ་གནང་གི་ཡོད་ཀྱང་། རྒྱལ་ཁབ་རེ་ཟུང་གིས་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་སྣེ་ཁྲིད་ཀྱི་ཡོད་སྟབས་འབྲེལ་བ་བྱ་རྒྱུར་འཛེམ་སོན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་གྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་བྱས་པ་ཡིན་ན། ཁོང་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་བྱ་རྒྱུར་སྟབས་བདེ་བོ་ཆགས་ཡོད། ཏཱ་ལའི་བླ་མ་ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པ་རྒྱལ་སྤྱིའི་ནང་ངོས་འཛིན་ཐོབ་ཡོད། དེའི་ཐད་ནས་ཤུགས་རྐྱེན་ཆེ་རུ་འགྲོ་བ་རེད། གསུམ་པ། ༧རྒྱལ་བ་རིན་པོ་ཆེས་གནང་སྟངས་དེས་རྒྱ་ནག་གཞུང་གིས་འདས་པའི་དུས་རབས་ཕྱེད་ལྷག་རིང་། གཅིག་སྡུད་དབང་འཛིན་ལམ་ལུགས་ལ་ཁ་སྐྱེངས་པོ་ཞེ་དྲག་བཟོས་པ་རེད། ཕར་ཕྱོགས་ན་ཏཱ་ལའི་བླ་མས་མི་མང་གི་ཁེ་ཕན་དོན་དུ་ལོ་རྒྱུས་ཐོག་ཡོད་པའི་སྐུ་དབང་ཡོངས་བློས་གཏོང་གི་ཡོད་པ་རེད། ཚུར་ཕྱོགས་ནས་དམར་པོའི་གཞུང་གི་བཙན་དབང་དང་དྲག་གནོན་གྱི་འོག་ནས་མི་མང་གི་རང་དབང་འཕྲོག་གི་ཡོད་པ་རེད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

Advertisements