ལོ་ཐོ་ནང་ལོ་གསར་པ་འདི་ནང་་བོད་ནང་དུས་མིན་མེ་ཆུའི་གནོད་འཚེ་ཡོང་རྒྱུ་ཡིན་པ་བཤད་འདུག

ཁྱེད་རྣམས་ལ་བོད་ལྕགས་ཡོད་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ།
བོད་གཞུང་སྨན་རྩིས་ཁང་གི་ལོ་གསར་པ་འདིའི་ལོ་ཐོ་བསྡུས་པ་གཞིར་བཟུང་ལྟར་ན་ལོ་འདིའི་ཕྱི་ཟླ་༥ནས་༡༢ བར་བོད་གངས་ལྗོངས་སུ་”དུས་མིན་མེ་ཆུའི་གནོད་འཚེ་”ཡོང་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་རྒྱ་གར་ནང་ལོ་ཧྲིལ་པོ་”འཁྲུག་རྩོད་དང་ནད་ཡམས་”ཡོང་རྒྱུ་ཡིན་པའང་གསལ་འདུག བོད་པའི་གོམས་སྲོལ་འདི་རིགས་ལ་ཐུགས་སྣང་ཡོད་མཁན་ཚོས་དེ་ལུགས་དགོངས་པར་འཇགས་དགོས་འདུག གཤམ་དུ་ལོ་ཐོ་བསྡུས་པའི་ནང་ལོ་འདིའི་འཛམ་གློང་ཡོངས་ཀྱི་གནས་སྟངས་གང་འདྲ་ཡོང་མིན་སྐོར་འཁོད་ཡོད་པ་དེ་བཀོད་ཡོད།

༧དགུང་འདིར་དབུས་འགྱུར་འཕགས་པའི་ཡུལ་འདིར་ལོ་ཧྲིལ་འཁྲུག་རྩོད་དང་ནད་ཡམས་ཀྱི་ངོ་། ༧ལྷོ་ཕྱོགས་སུ་ལོ་ཧྲིལ་པོར་འཐབ་རྩོད་མུ་གེ་དང་རྡུལ་རླུང་འཚུབ་ཅིང་རང་བྱུང་གནོད་འཚེའི་ངོ་། ལྷག་པར་བོད་ཟླ་དང་པོའི་ཟླ་མཇུག་ནས་བོད་ཟླ་གསུམ་པའི་ཟླ་དཀྱིལ་བར་རླུང་འཚུབ་དང་ས་འགུལ་ཡོང་ཉེན། ༧ནུབ་ཕྱོགས་སུ་བོད་ཟླ་དང་པོའི་ཚེས་ཤར་ནས་བོད་ཟླ་དགུ་པ་བར་འཁྲུག་རྩོད་ལྡང་ཡང་དེ་ནས་རིམ་བཞིན་ཞི་བའི་ངོ་། བོད་ཟླ་གསུམ་པའི་ཟླ་སྟོད་ནས་བོད་ཟླ་བཅུ་གཅིག་ཟླ་སྟོད་བར་གངས་ལྗོངས་སུ་དུས་མིན་མེ་ཆུའི་གནོད་འཚེ་ཡོང་བའི་ངོ་། ༧ཤར་ཕྱོགས་བདེ་ཞིང་སྐྱིད་ན་ཡང་། བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ནས་བོད་ཟླ་བརྒྱད་པའི་ཚེས་ཤར་བར་ཅུང་ཞིག་འཁྲུག་ཉེན། ༧ཤར་ལྷོར་བོད་ཟླ་བརྒྱད་པའི་ཟླ་དཀྱིལ་ནས་བོད་ཟླ་བཅུ་པའི་ཟླ་མཇུག་བར་འཐབ་རྩོད་དུས་འཁྲུག་ཅུང་ཞིག་ངོ་། ༧ལྷོ་ནུབ་ཕྱོགས་སུ་སྨིན་ཟླའི་བཅུ་ནས་སུམ་ཅུ་བར་ནམ་མཁར་རྡུལ་འཁྲིགས་ས་གཞི་གཡོ་བའི་ཉེན། བོད་ཟླ་བཅུ་གཅིག་ནས་བཟུང་ལོ་མཇུག་བར་འཁྲུག་རྩོད་འབྱུང་དོགས། ༧བྱང་ཤར་ཕྱོགས་སུ་ལོ་ཧྲིལ་པོར་ཆོས་སྤྱོད་ཀྱི་བྱ་བ་འཕེལ་ཞིང་བདེ་སྐྱིད་མངའ་ཐང་རྒྱས་པ་འོང་།

Advertisements