རྒྱ་རིཌ་ཞིག་གི་དེབ་ཀྱིས་ཨ་རིའི་ནང་ཕྲུ་གུ་གསོ་སྐྱོང་བྱེད་སྟངས་ཐོག་བགྲོ་གླེང་།


བར་སྐབས་ཨ་མེ་རི་ཀའི་སྤྱི་ཚོགས་ནང་དངོས་གསལ་དོད་པོ་མིན་པའི་ཐོག་ནས་བགྲོ་གླེང་ཡོང་བཞིན་པ་ཞིག་ནི་ཡེལ་སློབ་གྲ་ཆེན་མོའི་དགེ་རྒན་ཨེ་མི་ཆུ་ཨ་ཞུ་བའི་དེབ་ “སྟག་གི་ཨ་མའི་དམག་གི་གླུ་དབྱངས།” དེ་སྐོར་རེད། སྐུ་ཞབས་ཨེ་མི་ལགས་ནི་རྒྱ་རིགས་ཞིག་ཡིན་པ་དང་དེབ་དེའི་ནང་ཁོང་ནས་རང་ཉིད་ཀྱི་ཕྲུ་གུ་གཉིས་གསོ་སྐྱོང་བྱེད་སྟངས་”རྒྱ་མིའི་ལུགས་སྲོལ་”བཞིན་སྒྲིག་དམ་པོའི་ཐོག་ནས་བྱས་ཡོད་པ་དང་། དེས་ད་ཆ་བུ་མོ་གཉིས་གང་སྤྱིའི་ཐོག་ནས་མདུན་གྲལ་དུ་ཚུད་པ་དེ་བཤད་ཡོད། ཁོང་ནས་ཕྲུ་གུ་གཉིས་ཉིན་ལྟར་ཆུ་ཚོད་མང་པོར་ཨང་རྩིས་དང་། དག་ཆ། དེ་བཞིན་རོལ་དབྱངས་སོགས་སྦྱོང་བརྡར་བྱེད་བཅུག་ཡོད་འདུག འོན་ཀྱང་གསོ་སྐྱོང་དེ་འདྲ་གནང་བཞིན་སྐབས་ཕྲུ་གུ་གཉིས་གུ་ཡངས་པོ་བྱུང་མེད་པ་དང་། ཁོང་གཉིས་ནས་འདོད་དམ་མ་འདོད་རུང་རོལ་དབྱངས་སོགས་སློབ་སྦྱོང་བྱེད་བཅུག་པ་དེ་ནི་ཨ་མེ་རི་ཀའི་སྤྱི་ཚོགས་ནང་ཕྲུ་གུ་འཚར་ལོང་བྱེད་སྟངས་དང་མ་མཐུན་པ་རེད། དེར་བརྟེན་ཁོང་ལ་ཨ་རིའི་མི་མང་ངོས་ནས་སྐྱོན་བརྗོད་ཡང་ཤུགས་ཆེན་པོ་བྱུང་ཡོད་འདུག འགའ་ཞིག་ནས་སྐུ་ཞབས་ཨེ་མི་ནི་”སྲིན་པོ་རེད་”ཟེར་བ་དང་། ཡང་འགའ་ཞིག་ནས་”ཁོང་ནས་རང་གི་ཕྲུ་གུ་གསོ་སྐྱོང་བྱེད་སྟངས་དེ་ཚད་ལས་བརྒལ་བ་ཞིག་རེད།”གསུངས་བཞིན་རེད།
གང་ལྟར་ཁོང་གི་དེབ་དེ་ནི་མང་པོ་ཞིག་གིས་ཉོ་མངགས་གནང་བཞིན་པ་དང་གསར་འགོད་པ་ཞིག་ནས་དེབ་དེས་རྒྱ་མེ་རི་ཀའི་ནང་ཕ་མ་ཚོ་བསམ་བློ་བཏང་དགོས་རྒྱུ་བཟོས་འདུག་ཟེར།
སྐུ་ཞབས་ཨེ་མི་ཡི་ཕྲུ་གུ་གསོ་སྐྱོང་བྱེད་སྟངས་དེ་ང་ཚོ་བོད་མི་ཚོའི་བྱེད་སྟངས་འདྲ་པོ་མི་འདུག་གམ།

Advertisements

སྲིད་འཛིན་ཨོ་སྦ་མས་བོད་སྐོར་རྒྱ་ནག་སྲིད་འཛིན་ཧུ་ཅིན་ཐའོ་མདུན་གསུངས་པའི་གོ་དོན་ག་རེ་ཡིན་ནམ།

པར་དབང་། ཕོ་བྲང་དཀར་པོ། Pete Souza

ཨ་མེ་རི་ཀའི་སྲིད་འཛིན་སྦ་རག་ཨོ་སྦ་མས་ཟླ་༡་ཚེས་༡༩ཉིན་ཕོ་བྲང་དཀར་པོའི་ནང་རྒྱ་ནག་སྲིད་འཛིན་ཧུ་ཅིན་ཐའོ་ལྷན་གསར་འགོད་ལྷན་ཚོཌ་སྐབས་བོད་སྐོར་འདི་ལྟར་གསུངས་ཡོད།

“ཨ་མི་རི་ཀས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་བཞིན་མཉམ་བོད་མིའི་ཆོས་དང་རིག་གཞུང་གི་ངོ་བོ་གཅེས་སྲུང་འཚུད་པའི་ཕྱོགས་གཉིས་དབར་བསམ་ཚུལ་མི་མཐུན་པ་དང་སེམས་ཚབ་བྱ་རྒྱུའི་གནད་དོན་རྣམས་སེལ་སླད་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་གྲོས་མོལ་རྒྱུན་མཐུད་ཡོང་རྒྱུར་ཨ་མེ་རི་ཀས་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན།”

སྲིད་འཛིན་ཨོ་སྦ་མས་བོད་སྐོར་འགྲེལ་བརྗོད་གནང་བ་དེར་གོ་དོན་གཉིས་དང་ཆབ་སྲིད་སྔོན་བརྡ་གཅིག་ཡོད་པ་གུས་པའི་ཚོར་སྣང་ཡིན།
གོ་དོན་དང་པོ་དེ་ནི་རྒྱ་ནག་སྲིད་འཛིན་དང་གཞུང་ལ་བོད་ཀྱི་དཀའ་རྙོག་སྐོར་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ལྷན་གྲོས་མོལ་བརྒྱུད་སེལ་དགོས་པའི་ཨ་མེ་རི་ཀའི་སྲིད་བྱུས་དེ་བསྐྱར་ནན་གནང་བ་དང་ཆབ་གཅིག་གྲོས་མོལ་རྒྱུན་མཐུད་བྱེད་དགོས་པའི་གོ་དོན་ཡིན། ༢༠༡༠ཟླ་༡ནང་འབྲེལ་མོལ་ཐེངས་༩གནང་རྗེས་ཕྱོཌ་གཉིས་དབར་ད་བར་འདུ་འཛོམས་བྱུང་མེད།
གོ་དོན་གཉིས་པ་དེ་ནི་སྲིད་འཛིན་ཨོ་སྦ་མས་བོད་སྐོར་འགྲེལ་བརྗོད་གནང་སྐབས་ཀྱི་ཁོར་ཡུག་དང་ངོ་བོ་དེ་དང་འབྲེལ་བ་ཡོད། ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་ཞིག་གི་སར་དང་རྒྱ་ནག་སྲིད་འཛིན་གྱི་མདུན་གནང་བ་དེས་བོད་ཀྱི་གནད་དོན་དེ་ནི་སྲིད་འཛིན་ཨོ་སྦ་མ་དང་ཁོང་གི་སྲིད་གཞུང་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་གལ་གནད་ཆེ་བ་ཞིག་རྩིས་གནང་གི་ཡོད་པ་སྟོན་ཆེད་ཡིན།

ཆབ་སྲིད་ཀྱི་སྔོན་བརྡ་གཅིག་དེ་ནི་བར་སྐབས་ནས་རྒྱ་ནག་གཞུང་ནས་བོད་དེ་རྒྱ་ནག་གི་གཞི་རྩའི་ཁེ་ཕན་ཡིན་པས་རྒྱལ་ཁབ་གཞན་ནས་དེ་ཐོག་རྒྱབ་སྐྱོར་ཕར་བཞག་འགྲེལ་བརྗོད་ཙམ་ཡང་བྱེད་ན་སྒྲིག་གི་མེད་ཟེར་བ་དེར་བརྡ་ལན་གསལ་པོ་རེད། སྲིད་འཛིན་ཨོ་སྦ་མས་བོད་སྐོར་རྒྱ་ནག་གི་གཞི་རྩའི་ཁེ་ཕན་གྱི་འགྲེལ་བརྗོད་དེར་ངོས་ལན་མ་གནང་བ་དང་བོད་ཀྱི་གནད་དོན་དེ་ཨ་མེ་རི་ཀའི་མི་མང་གི་འདོད་དོན་དང་འབྲེལ་བ་བཟོས་སོང་བསམ།
གང་ལྟར་སྲིད་འཛིན་ཨོ་སྦ་མས་བོད་སྐོར་བཀའ་མོལ་གནང་བ་དེ་ནི་ལེགས་པའི་རང་བཞིན་ཡིན་པ་དང་མ་འོངས་པར་དེ་ཐོག་གནས་སྟངས་གང་འདྲ་ཆགས་མིན་བལྟ་རྒྱུ་རེད།

ལྡི་ལི་ཁྲིམས་ཁང་ནས་བོད་མི་ཞིག་རྒྱ་གར་མི་སེར་ཡིན་མིན་ཐོག་ཁྲིམས་གཅོད་ཀྱི་སློབ་གསོ།

ལྡི་ལི་ཁྲིམས་ཁང་ཆེན་མོའི་ལས་རྟགས།

༢༠༡༠ ཟླ་༡༢ ཚེས་༢༢ ཉིན་ལྡི་ལིའི་ཁྲིམས་ཁང་ཆེན་མོས་བོད་རིགས་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་རྒྱ་གར་ཕྱིར་བསྐྱོད་ལག་འཁྱེར་རག་མིན་སྐོར་ལ་ཁྲིམས་སའི་བཅད་མཚམས་གནང་བ་༼ཁྲིམས་གཅོད་ཨང་ W.P.(C) 12179/2009 ༽ དེར་རྒྱ་གར་ནང་འཁྲུངས་པའི་བོད་མི་ན་གཞོན་ཚང་མས་ཐུགས་སྣང་དགོས་པའི་གནད་དོན་ཞིག་རེད་འདུག
ཁྲིམས་བརྩོད་དེའི་སྙིང་དོན་ནི་རྒྱ་གར་དུ་སྐྱེ་བའི་བོད་ཁྲུག་ཞིག་ཁྲིམས་ཐོག་ནས་རྒྱ་གར་གྱི་ཆབ་འབངས་ལ་ངོས་འཛིན་བྱེད་ཀྱི་ཡོད་མིན་དེ་རེད།
ཁྲིམས་དཔོན་ནས་ཁྲིམས་གཅོད་གནང་བ་ལྟར་ན་གཤམ་གསལ་ཁག་གསལ་པོ་བཟོ་འདུག
༡༽ བོད་མི་ཞིག་གལ་ཏེ་རྒྱ་གར་ནང་༡༩༥༠ ཟླ་༡ ཚེས་༢༦རྗེས་དང་༡༩༨༧ཟླ་༧ཚེས་༡ གོང་ལ་སྐྱེ་ཡོད་ན་རྒྱ་གར་གྱི་ཆབ་འབངས་ཁྲིམས་ཡིག་༼ལེའུ་༣(༡)(ཀ་)༽གཞིར་བཟུང་གིས་རྒྱ་གར་གྱི་ཆབ་འབངས་ཡིན་པ་དང་དེ་དང་འབྲེལ་བའི་ཐོབ་ཐང་ཚང་མ་སྤྲད་དགོས་ཡོད།
༢༽དེ་འདྲ་བའི་ཆབ་འབངས་ཁྲིམས་ཡིག་༼ལེའུ་༣(༡)(ཀ་)༽གཞིར་བཟུང་གིས་རྒྱ་གར་གྱི་ཆབ་འབངས་ཡིན་པ་བོད་མི་ཞིག་ནས་རྒྱ་གར་ཆབ་འབངས་ཡོང་རྒྱུའི་སྙན་ཞུ་ཡང་འབུལ་དགོས་ཀྱི་མེད། ཁྲིམས་ཡིག་གི་ལེའུ་དེའི་ནང་རྒྱ་གར་ནང་༡༩༥༠ ཟླ་༡ ཚེས་༢༦རྗེས་དང་༡༩༨༧ཟླ་༧ཚེས་༡ གོང་ལ་སྐྱེ་བའི་གང་ཟག་སུ་རུང་རྒྱ་གར་གྱི་ཆབ་འབངས་ཡིན་གསལ་ཡོད།
༣༽ རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་༡༩༥༩ཟླ་༣རྗེས་རྒྱ་གར་དུ་འབྱོར་བའི་བོད་མི་ཚོར་ཆབ་འབངས་ཁྲིམས་ཡིག་༼ལེའུ་༦(༡)༽གཞིར་བཟུང་གིས་ཆབ་འབངས་ཐོབ་ཐང་སྤྲོད་རྒྱུ་མིན་པའི་སྲིད་བྱུས་ཐག་གཅོད་དེ་གནད་དོན་འདིར་འབྲེལ་བ་མེད། ངས་འདིའི་གོ་དོན་ལེན་རྒྱུ་ནོར་མེད་ན་ཁྲིམས་ཁང་ནས་བོད་ནས་རྒྱ་གར་དུ་འབྱོར་བའི་བོད་མི་ཞིག་དང་རྒྱ་གར་དུ་སྐྱེ་བའི་བོད་མི་ཞིག་དབར་ཁྱད་པར་ཡོད་པ་སྟོན་གནང་ཡོད་འདུག
༤༽བོད་མི་ཞིག་ལ་ངོ་སྤྲོད་ལག་འཁྱེར་༼པ་སེ་སེར་པོའམ་IC༽ཡོད་པ་དེ་ནི་རྒྱ་གར་གྱི་ཕྱིར་བསྐྱོད་ལག་འཁྱེར་(Passport)མ་གནང་རྒྱུའི་ཁུངས་ལྡན་རྒྱུ་མཚན་མིན།

དེ་འདྲ་སོང་གོང་བརྗོད་དུས་ཚོད་ནང་རྒྱ་གར་དུ་སྐྱེ་བའི་བོད་མི་ཚོས་རྒྱ་གར་གྱི་ཆབ་འབངས་བཞེས་འདོད་ཡོད་ན་ཁྲིམས་གཅོད་འདི་ནི་བྱུང་སྲོལ་ལ་བཞག་ན་གོ་སྐབས་ཞིག་ཡོད་པ་མཐོང་། གལ་ཆེ་བའི་གནད་དོན་གཅིག་ནི་གང་ཟག་དེར་སྐྱེས་ཚེས་ལག་འཁྱེར་ཁུངས་ལྡན་དང་། ཁྲིམས་མཐུན། དེ་བཞིན་ངོས་འཛིན་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་དེ་བརྗོད་མི་དགོས་པ་ཡིན།

གོང་གསལ་ལྡི་ལི་ཁྲིམས་ཁང་གི་ཁྲིམས་གཅོད་ཡིག་ཆ་ཚང་མ་འདིར་གཟིགས་ཐུབ།

༢༠༡༠ ལོའི་ནང་བོད་དང་འབྲེལ་བའི་གནས་ཚུལ་ཆེ་ཁག་ཐོག་གུས་པའི་དཔྱད་ཞིབ།

ཕྱི་ལོ་གསར་པ་འདིར་གུས་པའི་ཟིན་བྲིས་འདིར་ཕེབས་མཁན་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་། ལོ་འདིར་སྐུ་ཉིད་ཀྱི་ལས་དོན་ཐམས་ཅད་དོན་སྙིང་ལྡན་པ་ཡོང་བའི་སྨོན་ལམ་ཡོད།
འདས་མ་ཐག་པའི་ལོའི་ནང་བོད་དང་འབྲེལ་བའི་གནས་ཚུལ་བྱུང་བ་དབྱེ་བ་གཉིས་སུ་ཕྱེ་ཆོག་འདུག གཅིག་ནི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དང་གཉིས་པ་དེ་ནི་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་ཡིན།

ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་ལ་ཞིག་ན་གཤམ་འཁོད་རྣམས་༢༠༡༠ ལོའི་གལ་ཆེ་བའི་དོན་ཚན་ཡིན།

༡༽ཕྱི་ཟླ་དང་པོའི་ནང་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་ལྷན་འབྲེལ་མོལ་ཐེངས་དགུ་པ་དེ་གནང་སྐབས་བོད་མིའི་ངོས་ནས་དེ་སྔའི་”བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་” དེ་ཐོག་འགྲེལ་བཤད་ཀྱི་ཡིག་ཆ་རྒྱ་ནག་སྐུ་ཚབ་ལ་གནང་ཡོད་པ་རེད། ཡིག་ཆ་དེས་བོད་ཀྱི་མ་འོངས་པའི་ཐོག་༧གོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་དེ་གསལ་དུ་བཟོ་ཡོད་པ་རེད།

༢༽ ཕྱི་ཟླ་གཉིས་པའི་ནང་༧གོང་ས་མཆོག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཆིབས་བསྒྱུར་གནང་ནས་སྲིད་འཛིན་ཨོ་སྦ་མ་མཇལ་གནང་བ་དང་། དེ་རྗེས་ཕོ་བྲང་དཀར་པོ་ནས་ཡོང་ཁྱབ་གསལ་བསྒྲགས་ཞིག་ནང་༧གོང་ས་མཆོག་གི་ལམ་དབུ་མར་སྲིད་འཛིན་ཨོ་སྦ་མས་རྒྱབ་སྐྱོར་གནང་གི་ཡོད་པ་གསུངས་ཡོད། དེ་ནི་ཨ་རིའི་སྲིད་འཛིན་ཞིག་གི་ངོས་ནས་དབུ་མའི་ལམ་ལ་ཡིག་ཐོག་ནས་རྒྱབ་སྐྱོར་གསལ་པོ་གསུངས་པ་དང་པོ་ཡིན།

༣༽ཟླ་བ་ལྔ་པ་དང་བརྒྱད་པའི་ནང་༧གོང་ས་མཆོག་ནས་དྲ་རྒྱའི་འཕྲུལ་སྒྲ་བརྒྱུད་རྒྱ་རིགས་ཚོའི་དྲི་བར་བཀའ་ལན་གནང་བ་དེས་མགོན་པོ་གང་ཉིད་དང་རྒྱ་རིགས་མང་ཚོགས་དབར་ཐད་ཀའི་འབྲེལ་བ་མཚོན་པ་དང་དེས་རྒྱ་རིགས་དང་རྒྱལ་སྤྱིའི་ནང་བག་ཆགས་དམིགས་བསལ་ཞིག་བྱུང་ཡོད།

Continue reading “༢༠༡༠ ལོའི་ནང་བོད་དང་འབྲེལ་བའི་གནས་ཚུལ་ཆེ་ཁག་ཐོག་གུས་པའི་དཔྱད་ཞིབ།”