བོད་མི་བཙན་བྱོལ་དུ་ཐོག་མར་སླེབས་སྐབས་ཀྱི་གློག་བརྙན།

ད་རེས་ཡུ་ཊུབ་ཏུ་༡༩༥༩ ལོར་བོད་ནང་གི་གནས་ཚུལ་དང་། ༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ། བོད་མི་མང་པོ་དེ་བཞིན་རྒྱ་གར་དུ་སླེབས་པ་དང་ཁོང་ཚོའི་བདེ་དོན་གཟིགས་ཞིབ་གནང་མཁན་བོད་གཞུང་གི་ལས་བྱེད་རྩིས་དཔོན་ཞྭ་སྒབ་པ་དང་ཚ་རོང་སོགས་སྐོར་གློག་བརྙན་ཁག་གསུམ་མཐོང་བྱུང་། དཔར་རིགས་འགའ་ཞིག་སྔར་མཐོང་མ་མྱོང་བ་དེ་འདྲ་འདུག གཟིགས་དང་།

འགྲེལ་བཤད་སྐྱོན་མཁན་མཚན་མི་འདུག་རུང་ཁོང་ཚ་རོང་དང་ཞྭ་སྒབ་པའི་སྐུ་ཆེད་ཡིན་འདུག

Advertisements

ང་ཚོའི་ངོ་བོ་ཟེར་ན་གང་ཡིན་ནམ།

རྒྱལ་ཁབ་གཞན་གྱི་མི་སེར་ཡིན་པའི་བོད་མིས་རང་ཉིད་ཀྱི་ངོ་བོའི་ཐོག་དགོངས་པ་བཞེས་དགོས་པའི་དུས་ཡང་ནས་ཡང་དུ་ཡོང་གི་ཡོད་། མི་རིགས་ཀྱི་ལོ་རྒྱུས་ཐོག་ནས་སྐྱབས་བཅོལ་བ་ཡིན་རུང་མི་སེར་གྱི་ངོ་བོའི་ཐོག་ནས་དེ་འདྲ་མིན་པར་སུད་སི་བའམ་ཨ་རི་བ་ལྟ་བུ་ཡིན། ལྷག་པར་དུ་བོད་མི་དེ་རྒྱལ་ཁབ་གཞན་དེ་ག་རང་དུ་སྐྱེས་པ་ཞིག་ཡིན་ན་ཚོར་བ་གཞན་ཞིག་ཡོང་གི་ཡོད་པ་དེ་གསལ་པོ་རེད་། གལ་སྲིད་མི་དེ་འདྲ་བོད་མི་འདུ་འཛོམས་ཆེ་བ་བོད་དང་རྒྱ་གར་ལྟ་བུར་ཕེབས་པ་ཡིན་ན་བོད་མི་དེ་ཚོས་བལྟ་ཚུལ་སྣ་ཚོགས་ཡོང་གི་ཡོད་།
ལོ་འགའ་ཤས་སྔོན་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་བོད་པའི་བུད་མེད་གཉིས་ནས་དོན་གནད་དེ་དང་འབྲེལ་བའི་གཞས་ཞིག་ཀྱང་བཟོས་འདུག གཞས་དེ་ལ་བུ་མོ་ང་ཡི་རེ་བ་ཟེར་ཞིང་ཚིག་་འདི་འདྲ་རེད་འདུག
བུ་མོ་ང་ཡི་རེ་བ་

ཕྱི་རྒྱལ་སུད་སི་ལ་བསྡད་སྐབས།

སུད་སི་མ་རེད་གསུངས་བྱུང་།

བོད་ལ་གནས་སྐོར་འགྲོ་དུས།

བོད་ཕྲུག་མ་རེད་གསུངས་བྱུང་།

ཚེ་སྐྱོན་ལས་ཀྱི་རྐྱེན་པས།
བོད་རིགས་སྤུན་ཟླ་བྲལ་སོང་།

ང་རང་བོད་ལ་འགྲོ་དུས།
སེམས་པ་ཧ་ཅང་་སྐྱིད་བྱུང་།

ཕ་ཡུལ་བོད་ལ་སླེབས་ཀྱང་།

བོད་རིགས་གཞོན་སྐྱེས་ཚོས།

ཕྱི་རྒྱལ་བུ་མོ་་གསུངས་བྱུང་།

བོད་རིགས་ཡིན་ཞེས་ཞུས་པས།
སྤྱན་མིག་འཛུམ་འཛུམ་གནང་བྱུང་།

སེམས་པ་ཧ་ཅང་སྐྱོ་བྱུང་།

གནས་སྟངས་དེ་འདྲ་མི་རིགས་ཚང་མར་ཡོང་གི་ཡོད་འདུག

ཉེ་ཆར་བརྙན་འཕྲིན་ཐོག་ཨི་སི་རེལ་མི་སེར་ཡིན་པ་དང་ཝི་ཡ་ཊི་ནམ་མི་རིགས་ཡིན་པ་བུད་མེད་ཝེན་ཎུ་ཡེན་རང་གི་ཕ་མཉམ་ཝི་ཡ་ཊི་ནམ་དུ་ཕྱིན་པའི་སྐབས་ཀྱི་ཚོར་བའི་སྐོར་གློག་བརྙན་ ཝེན་ཎུ་ཡེན་གྱི་འགྲིམ་འགྲུལ་ཟེར་བ་ཞིག་་མཐོང་བྱུང་།
ཝེན་ཎུ་ཡེན་གྱི་ཕ་མ་ཝི་ཡ་ཊེ་ནམ་ནས་ཡིན་པ་དང་༡༩༧༧ལོར་དམར་ཤོག་ནས་ཡུལ་དེར་དབང་བསྒྱུར་འོག་སྡུག་བརྩུབ་བྱས་རྐྱེན་ཝི་ཡ་ཊེ་ནམ་མི་མང་པོ་གྲུ་ཛིངནང་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ཞུ་ཆེད་བསྐྱོད་ཡོད་པའི་གྲས་ཡིན་ཞིང་། ཁོང་རྣམས་ཡོད་པའི་གྲུ་ཛིང་དེ་ཨི་སི་རེལ་ཕྲིད་ཡོད་འདུག ཝེན་ཎུ་ཡེན་ནི་ཕ་མ་དེ་གཉིས་སུ་ཨི་སེ་རེལ་ལ་སྐྱེས་པ་ཞིག་ཡིན་ཞིང་ལུང་པ་དེའི་མི་སེར་ཀྱང་ཡིན་འདུག

གློག་བརྙན་དེའི་ནང་ཝེན་ཎུ་ཡེན་ཁོང་གི་པ་ལགས་ལྷན་ཝི་ཡ་ཊེ་ནམ་དུ་བསྐྱོད་བཞིན་པ་དང་དེར་ཡོད་མི་དེ་ཚོར་བལྟ་སྐབས་རང་དང་འདྲ་པོ་ཡོད་པ་མ་གཏོགས་དེ་མིན་ཁོང་རྣམས་དང་འབྲེལ་བ་གཞན་ཡོད་པའི་འདུ་གཤེས་གང་ཡང་བསྐྱེད་མིན་འདུག ཡུལ་མི་ཚོས་ཀྱང་ཁོང་ལ་རང་མི་ཞིག་མིན་པར་ཡུལ་སྐོར་སྤྲོ་འཆམ་པ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག གནས་སྟངས་དེ་ཚོས་ཝེན་ཎུ་ཡེན་ལ་རང་ཉིད་ཀྱི་ངོ་བོ་དེ་ག་རེ་ཡིན་མིན་བསམ་བློ་གཏང་དགོས་བྱུང་འདུག

འཕྲུལ་ཆས་རིགས་ཀྱི་གད་སྙིགས་ལ་ལྟ་སྟངས་འཛིན་དགོས།

གློག་ཀླད་གད་སྙིགས་ཀྱི་དཔེ་མཚོན།

ད་ཉིན་ཞོགས་པ་བརྙན་འཕྲིན་ཐོག་རྒྱ་གར་ནང་འཕྲུལ་ཆའི་རིགས་ཀྱི་གད་སྙིགས་སྐོར་ཆེད་སྒྲིག་ལེ་ཚན་ཞིག་མཐོང་བྱུང་བས་དེས་བསམ་བློ་གཏོང་དགོས་པ་བཟོ་བྱུང་། རྒྱ་གར་ནང་གློག་ཀླད་ཀམ་པུ་ཊར་དང་ལག་འཁྱེར་ཁ་པར་སོགས་བེད་སྤྱོད་བྱེད་རྒྱུ་མང་དུ་ཕྱིན་པའི་རྐྱེན་དེ་ཚོའི་གད་སྙིགས་ཡང་མང་དུ་ཕྱིན་ཡོད་པ་རེད་། འོན་ཀྱང་གད་སྙིགས་འདི་རིགས་རང་བཞིན་གྱི་མེད་པ་ཆགས་ཀྱི་མེད་པའི་སྟེང་ཁོར་ཡུག་དང་སེམས་ཅན་རྣམས་ཀྱི་འཕྲོད་བསྟེན་ལའང་སྐྱོན་བཟོ་ཡི་ཡོད་པ་རེད་། ཡར་འཐོན་རྒྱལ་ཁབ་ཁག་ཡིན་ན་གད་སྙིགས་འདི་རིགས་ལ་བལྟ་ཕྱོགས་མ་འདྲ་བ་ཡོད་པས་གང་བྱུང་གཡུག་པའམ་སུ་ཡིན་ནས་འདི་རིགས་ལ་གང་བྱུང་བེད་སྤྱོད་བྱེད་ཆོགས་ཀྱི་མེད་པ་རེད་། དཔེར་ན་ཚགས་པར་སོགས་ཤོག་བུའི་རིགས་ཡིནའང་དེ་ཚོར་གད་སྙིགས་ངོ་བོ་ཐ་དད་ཞིག་ཡིན་པར་ངོས་འཛིན་པ་རེད་། སུད་སི་རྒྱལ་ཁབ་ལྟ་བུར་ཁ་ལག་ལྷག་མ་ཡིན་རུང་གད་སྙིགས་གནོད་ནང་མ་གཡུག་གོང་དབྱེ་བ་འགའ་ཞིག་འབྱེད་དགོས་ཡོད་པ་གུས་ནས་དྲན་གསོ་ཡི་འདུག འོན་ཀྱང་རྒྱ་གར་ནང་འཕྲུལ་ཆའི་གད་སྙིགས་འདི་རིགས་ནི་ཟུར་གྱི་ཚོང་མི་ཆུང་བ་ཞིག་ཆགས་ཡོད་བཞིན་མང་ཚོགས་ཀྱི་གོ་རྟོགས་དང་། སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས། དེ་བཞིན་དངོས་ཡོད་གནས་ཚུལ་གཞན་རྐྱེན་ཚོང་དེ་རིགས་ལ་དམངས་གཞིའི་ཐོག་ནས་མཉམ་ཞུགས་གནང་མཁན་གྱི་མི་མང་དཀྱུད་མ་ཡིན་། ཁོར་ཡུག་གི་གྱོང་ཚང་མར་ཡིན་རུང་འཕྲོད་བསྟེན་གྱི་གྱོང་གང་ཟག་དེ་རིགས་ལ་རག་བཞིན་པ་རེད་། གནས་ཚུལ་འཐོན་པ་ལྟར་ན་རྒྱ་གར་གཞུང་ནས་གནས་སྟངས་དེའི་སྐྱོན་གཟིགས་ནས་འཕྲུལ་ཆའི་གད་སྙིགས་ཀྱི་སྲིད་བྱུས་ཞིག་གཏན་འབེབས་གནང་བཞིན་རེད་འདུག དེ་ནི་བཟང་ཕྱོགས་ཀྱི་གོམ་པ་ཞིག་ཡིན་། བོད་མིའི་སྤྱི་ཚོགས་ཡིནའང་གནས་ཚུལ་འདིར་དགོངས་པ་བཞེས་དགོས་ཡོད་། བོད་ཕྱི་ནང་གཉིས་སུ་གློག་ཀླད་དང་ལག་འཁྱེར་ཁ་པར་སོགས་བེད་སྤྱོད་གནང་མི་ཉིན་རེ་བཞིན་མང་དུ་འགྲོ་བཞིན་རེད་། འཕྲུལ་ཆའི་ཡར་རྒྱས་འགྲོ་སྟངས་ལ་ཞིག་ན་དེ་རིགས་ཀྱི་གད་སྙིགས་ཡང་ཉིན་རེ་བཞིན་མང་དུ་འགྲོ་རྒྱུ་དེ་ཟུར་བལྟས་ལེབ་གསལ་ཡིན་པ་རེད་། བོད་ས་ཁུལ་ཁག་ལ་མཚོན་ན་རྒྱ་ནག་གཞུང་ནས་གད་སྙིགས་དེ་རིགས་ལ་སྲིད་བྱུས་གང་འདྲ་ཡོད་མིན་ཞུ་རྒྱུ་མེད་། བོད་ནང་བཞུགས་མཁན་ཚོས་དེ་ཐོག་དགོངས་པ་བཞེས་དགོས་ཡོད་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན་བོད་གཞུང་གི་ལས་ཁུངས་ཁག་ཏུ་༡༩༩༠གཡས་གཡོན་ལ་གློག་ཀླད་རེ་ཟུང་ལས་མེད་པའི་དུས་ནས་ད་ལྟ་ལས་ཁུངས་གཅིག་གི་ནང་དེ་རིགས་བཅུ་གྲངས་ཡོད་པའི་དུས་ཡིན། དེ་བཞིན་ལག་འཁྱེར་ཁ་པར་ནི་དེ་ལས་མང་བ་ཡོད་པས་གལ་ཏེ་བོད་གཞུང་ནས་འཕྲུལ་ཆའི་གད་སྙིགས་ཐོག་དགོངས་པ་བཞེས་མེད་པ་ཡིན་ན་དེ་འདྲ་གནང་རྒྱུ་དུས་ལ་བབས་ཡོད་།

བོད་མིའི་དམངས་གཙོ་ལོ་༥༠འཁོར་བར་ཕྱི་མིག་ཞིག་ལྟ་བ།

༢༠༡༠ ཟླ་༩ ཚེས་༢ ནི་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་འགོ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ཉིན་མོ་ཡིན། དུས་དྲན་དེ་སྐོར་ཚེས་༡ཉིན་ཨ་མེ་རི་ཀའི་རྒྱང་སྲིང་ཁང་ནས་ཀུན་གླེང་ལས་རིམ་ནང་གུས་པར་བསམ་ཚུལ་སྤེལ་ཆེད་ཡོང་དགོས་གསུངས་བྱུང་། དེ་སྐབས་གུས་ནས་འགྲེལ་བརྗོད་འདི་ལྟར་བྱས་པ་ཡིན།

སྤྱི་ཡོངས་ཐོག་ནས་བོད་མིའི་དམངས་གཙོ་འགོ་བཙུགས་པ་དེ་སྤྱི་ཚོགས་གསར་རྗེ་ཞིག་ཡིན་པ་དང་དེས་ལམ་ལུགས་གསར་པ་ཞིག་ངོ་སྤྲོད་གནང་བ་རེད་། དེ་ཡང་ལོ་༣༠༠ ལྷག་ཡིན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་འགྲོ་ལུགས་དེར་༧གོང་ས་མཆོག་ནས་ལེགས་བཅོས་གནང་བའི་ལས་རིམ་ཞིག་ཡིན།
བོད་མིའི་དམངས་གཙོའི་འགྲོ་ལུགས་འདིའི་གོ་དོན་གསུམ་ཡོད་།
༡༽ མི་མང་གི་གཞུང་ལག་ལེན་ལྟར་འགོ་བཙུགས་པ། དམངས་གཙོའི་འགྲོ་ལུགས་འདིས་”སྤྱི་ཚོགས་རྙིང་པའི་འགྲོ་ལུགས་” དོར་ནས་བོད་མི་ཚང་མས་སོ་སོའི་གཞུང་དེར་འགན་དབང་ཡོད་པའི་ཚོར་བ་བསྐྱེད་པ་བཟོ་ཡོད་། སྔར་གྱི་གཞུང་དང་མི་མང་གཉིས་དབར་འབྲེལ་བའི་གནས་སྟངས་དེར་ལེགས་བཅོས་གནང་ནས་མི་མང་མདུན་དུ་དོན་ཐུབ་རྒྱུའི་སྒྲིག་འཛུགས་ཡོང་ཐབས་གནང་ཡོད་།
༢༽ གྲལ་རིམ་འདྲ་མཉམ་གྱི་ལམ་ལུགས། གཞུང་གི་འགྲོ་ལུགས་གསར་པ་འདིས་དེ་སྔ་བླ་མ་དང་དཔོན་པ། སྐུ་དྲག་ཁོ་ནས་དབང་འཛིན་བྱས་པའི་སྒྲིག་འཛུགས་དེ་བཞིན་གྲལ་རིམ་ཚང་མ་འདྲ་མཉམ་ཡིན་པའི་ལམ་ལུགས་ཞིག་ཏུ་བསྒྱུར་བ་ཡིན། དེའི་ནང་བླ་དཔོན་སྐུ་དྲག་མཉམ་དུ་མི་མང་དཀྱུས་མ་ཚོ་ནས་ཀྱང་གཞུང་གི་དབང་འཛིན་ཁུངས་སུ་ཡོང་ཆོག་པའི་ཐོབ་ཐང་འདྲ་མཉམ་ཡོད་པ་བཟོ་ཡོད་། དེ་བཞིན་ལམ་ལུགས་གསར་པ་འདི་ནས་སེར་སྐྱ་ཕོ་མོ་དང་རྒན་གཞོན་སོགས་ཀྱི་དབྱེ་བ་མེད་པའི་ལམ་ཕྱོགས་སུ་ཕེབས་འགོ་བཙུགས་ཡོད་།
༣༽ ཁྲིམས་ཀྱིས་དབང་བསྒྱུར་འགོ་བཙུགས་པ།
དམངས་གཙོའི་ལམ་ལུགས་འདི་འོག་ཐོག་མར་བོད་མིའི་རྩ་ཁྲིམས་ཟིན་བྲིས་དང་དེ་རྗེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གསར་པ་གཏོད་པ་དང་གཏན་འབེབས་གནང་བ་ནས་གཞུང་གི་འཛིན་སྐྱོང་དེ་བཞིན་ཁྲིམས་ཀྱིས་དབང་བསྒྱུར་གྱི་འགྲོ་ལུགས་ཞིགས་སུ་ཆགས་ཡོད་།

ང་ཚོས་བོད་མིའི་དམངས་གཙོའི་ལོ་རྒྱུས་ཐོག་གཟིགས་སྐབས་དབུས་ཀྱི་སྒྲིག་འཛུགས་ཁག་ཁོ་ནར་མ་གཟིགས་པར་ས་གནས་ཁག་ཏུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་འཛིན་སྐྱོང་ཐོག་ལའང་དགོངས་པ་བཞེས་དགོས། བོད་མི་མང་ཆེ་བ་གཞིས་ཆགས་ཁག་ཏུ་ཡོད་ཞིང་ཁོང་ཚོའི་ཉིན་རེའི་བདེ་དོན་དང་འཛིན་སྐྱོང་ཐོག་དམངས་གཙོའི་བག་ཆགས་ཤུགས་ཆེན་པོ་བྱུང་ཡོད་། གཞིས་གྲོངས་སོ་སོའི་འཛིན་སྐྱོང་ནི་མི་མང་རང་ནས་འོས་འདེམས་བྱས་པའི་སྤྱི་མིའམ་རྒྱ་དཔོན་དང་བཅུ་དཔོན་ཚོས་གནང་གི་ཡོད་། གཞིས་ཆགས་མང་ཆེ་བའི་འཚོ་བ་སོ་ནམ་ཞིང་ལས་ཡིན་སྟབས་དེ་ཐོག་མི་མང་མཉམ་སྦྲེལ་གལ་ཆེན་པོ་ཡིན། མཉམ་སྦྲེལ་སྒྲིག་འཛུགས་དེ་ནི་མི་མང་གི་འོས་འདེམས་བྱས་པའི་འགན་འཛིན་ལྷན་ཚོགས་ནས་གཟིགས་ཞིབ་གནང་གི་ཡོད་།
ང་ཚོའི་ལོ་༥༠རིང་གི་དམངས་གཙོ་དེས་མི་མང་གི་བསམ་བློ་དེ་སྔའི་བཤད་སྲོལ་”སྡེ་པ་གཞུང་གིས་བྱུས་གཏོགས་སྡེ་སྲིད་མགོ་ལེབ་པས་བྱེད་ཀྱི་རེད་་”ལྟར་མིན་པར་མི་མང་ཚང་མས་གཞུང་ཐོག་འགན་དབང་གཉིས་ཀ་ཡོད་པའི་ཚོར་བ་བསྐྱེད་ཐུབ་རྒྱུའི་ཁོར་ཡུག་ཞིག་བཀྲུན་ཡོད་།
འོན་ཀྱང་དྲི་བ་ཞིག་ནི་ལོ་རྒྱུན་ལྔ་བཅུའི་རིང་མི་མང་ཚོར་དམངས་གཙོའི་ཚོར་བ་དེ་འདྲ་ག་ཚོད་བསྐྱེད་ཐུབ་ཡོད་མིན་དེ་རེད། དེ་ཡོད་པ་བཟོ་རྒྱུ་ནི་ང་ཚོའི་གཞུང་མང་གཉིས་ཀྱི་ལས་འགན་ཡིན། མི་མང་ནས་རང་གི་གོ་རྟོགས་ལེགས་སུ་གཏོང་བར་འབད་དགོས་པ་དང་གཞུང་ངོས་ནས་འདས་པའི་ལོ་༥༠་རིང་བོད་མིའི་སྤྱི་ཚོགས་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དེ་དགོངས་པ་བཞེས་ནས་གནས་སྟངས་དང་མཐུན་པའི་སྲིད་བྱུས་ལག་ལེན་ལྟར་གནང་དགོས་པའི་དུས་ཡིན།