སྦེ་ལི་ཀོ་པི་སྐོར་གཅིག་བཤད་འདོད་བྱུང་།

སྦེ་ལ་ཀོ་པའི་གཞིས་ཆགས་ཀྱིས་སེར་བྱེས་ཟ་ཁང་གི་མདུན་གྱི་ལམ་ཆེན་ཀྱི་འདྲ་དཔར་ཞིག དྲ་ཚིགས་ཞིག་ཐོག་འདུག་

བདུན་ཕྲག་གཉིས་རིང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་རྙིང་ཤོས་གྲས་ལུགས་བཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་གཉིས་སུ་བོད་དང་འབྲེལ་བའི་འདུ་འཛོམས་གལ་ཆེ་འགའ་ཞིག་གནང་གི་ཡོད་པའི་རྐྱེན་ས་གནས་དེར་རྒྱ་གར་ཙམ་མ་ཟད་འཛམ་གླིང་ཡོངས་སུ་དོ་སྣང་ཡོང་རྒྱུ་ཡིན། ༢༠༡༠ ཟླ་༨ཚེས་ ༢༦ ནས་ ༣༡ བར་་”བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་” དེ་ཚོགས་ཀྱི་ཡོད་པ་དང་།
ཟླ་ ༩ ཚེས་ ༡ ཉིན་ས་གནས་སུ་ཡོད་པའི་གདན་ས་སེར་རའི་སེར་སྨད་ཐོས་བསམ་ནོར་གླིང་གྲ་ཚང་དུ། བོད་གཞུང་དམངས་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༢ ཉིན་སེར་བྱེས་གྲ་ཚང་གི་༧རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ། ལོ་ ༥༠ འཁོར་བའི་དུས་དྲན་རྒྱས་པ་སྲུང་གཙི་དང་འབྲེལ་བོད་མི་ཡོངས་ནས་༧གོང་ས་ མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད་འདུག

འདུ་འཛོམས་དེ་ཚོར་བོད་མི་ཙམ་མ་ཟད་རྒྱ་གར་དང་ཕྱི་རྒྱལ་ནས་སྐུ་མགྲོན་མང་པོ་ཕེབས་གནང་གི་ཡོད་པའི་གནས་ཚུལ་འདུག

གུས་རང་ཆུང་དུས་ཚར་ལོང་བྱེད་ས་དེ་ས་ཁུལ་དེར་ཡིན་པའི་གནད་དོན་དེར་དོ་སྣང་དམིགས་བསལ་བྱེད་བཞིན་ཡིན། ཚོགས་འདུ་འདི་ཚོའི་ཐོག་ང་ཚོར་གནས་ཚུལ་ཉིན་རེ་བཞིན་ཡོང་གི་རེད་དེ་ཟིན་བྲིས་འདིར་ས་ཁུལ་གྱི་མིང་ཐོག་འགྲེལ་བརྗོད་བྱེད་འདོད་བྱུང་།

༧གོང་ས་མཆོག་ནས་གཞིས་ཆགས་གཉིས་སུ་དངོས་གཞིའི་མིང་གནང་བ་ནི་གཞིས་ཆགས་”རྙིང་པ་”ལ་ལུགས་བཟུང་བསམ་གྲུབ་གླིང་དང་”གསར་པ་”་ལ་བདེ་སྐྱིད་སླར་གསོ་རེད་། གཞིས་ཆགས་མི་མང་གི་ཁ་རྒྱུན་ལ་གཞིས་ཆགས་རྙིང་པ་དང་གསར་པ་ཟེར་བ་མ་གཏོགས་དངོས་གཞིའི་མིང་འབོད་སྲོལ་མེད་། གཞིས་ཆགས་”གསར་པ་” དེ་ཡང་༡༩༦༩ ལོར་འགོ་བཙུགས་པ་ཞིག་ཡིན་པས་ད་ཆ་ལོ་༤༠ ལྷག་ཕྱིན་པའི་”གསར་པ་རེད་།
གཞིས་ཆགས་རེ་རེའི་ནང་གྲོང་སྡེ་”ཀེམ”མང་པོ་ཡོད་ཞིང་གཞིས་ཆགས་རྙིང་པའི་གྲོང་སྡེའི་མིང་རྒྱ་གར་སྐད་དུ་ཡོད་། དཔེར་ན་ངའི་ཕ་མ་གནས་ཡུལ་དེ་ཀེམ་གཉིས་པ་ཡིན་ཞིང་དེའི་མིང་ནི་”ཀེ་ལ་སི་པུ་ར་”རེད་། གཞིས་ཆགས་གསར་པའི་གྲོང་སྡེ་ཁག་གི་མིང་བོད་སྐད་དུ་ཡོད་། དཔེར་ན་བྱམས་པ་གླིང་ལྟ་བུ་ཡིན།
ཡང་གཞིས་ཆགས་ཀྱི་གཙོ་འཛིན་”དོན་གཅོད་”ཀྱི་ཡག་ཚང་ལ་ཕལ་སྐད་ལ་”ལས་ཁུངས་”ཞེས་འབོད་ཀྱི་ཡོད་།

ཡང་ཡོང་གྲགས་སུ་བོད་མི་ཚོས་མེ་སོར་གཞིས་ཆགས་ཞེས་ཡང་འབོད་སྲོལ་ཡོད་། དེ་ནི་གཞིས་ཆགས་གནས་ཡུལ་གྱི་མངའ་སྡེ་དེའི་མིང་ཐོག་མ་དེ་ནི་མེ་སོར་ཡིན་པ་དང་དེ་བཞིན་ཉེ་འགྲམ་གྲོང་ཁྱེར་ཆེ་བ་དེ་ཡང་མེ་སོར་ཡིན་པའི་རྐྱེན་ཡིན་གྱི་རེད་བསམ།

གཞིས་ཆགས་གཉིས་ཆགས་ཡུལ་དེ་ནི་རྒྱ་གར་གྲོང་གསེབ་”སྦེལ་ཀོབ་པ་”རུ་ཡིན་སྟབས་མིང་གཞན་ཞིག་ནི་”སྦེལ་ཀོབ་གཞིས་ཆགས་”ཡང་འབོད་། ཡུལ་མི་ཚོས་སྦེལ་ཀོབ་པ་འབོད་རུང་བོད་སྐད་དུ་ཡི་གེའི་ནང་ཕལ་མོ་ཆེས་”སྦེལ་ཀོབ་༼”མེ་སོར་སྦེལ་ཀོབ་༽གསུངས་པ་དང་ཕལ་སྐད་ཐོག་སྦེ་ལི་ཀོ་པི་གསུངས་ཀྱི་ཡོད་།

ད་ལམ་འདུ་འཛོམས་དེར་ཕེབས་མི་ཚོར་བཞུགས་རྒྱུན་རིང་སྤྲོ་པོ་ཡོང་བའི་རེ་བ་དང་དུས་ཚོད་བྱུང་ན་ཀེམ་གཉིས་པའི་”མཚོ་”་ལ་ཐེངས་གཅིག་ཕེབས་རོགས་གནང་། དེར་ཉ་མང་པོ་༧གོང་ས་མཆོག་གི་སྐུ་ཚེའི་ཆེད་ཚེ་ཐར་གཏོང་བ་ཡོད་།

Advertisements

༧གོང་ས་མཆོག་༡༩༧༩ལོར་ཝ་༷ཤིང་ཊོན་དུ་ཆིབས་བསྒྱུར་ཐོག་མར་གནང་བའི་བརྙན་དཔར་ཞིག་

༧གོང་ས་མཆོག་༡༩༧༩ལོར་ཨ་མེ་རི་ཀར་ཆིབས་བསྒྱུར་ཐོག་མར་གནང་སྐབས་རྒྱལ་ས་ཝ་ཤིང་ཊོན་དུའང་ཞབས་གསོར་འཁོད་ཡོད་པ་དང་། དེ་སྐབས་ཆིབས་བསྒྱུར་གནང་ཡུལ་གཅིག་ནི་སི་མི་ཐི་སོ་ནི་ཡན་འགྲེམས་སྟོན་ཁང་དེ་ཡིན། དེ་སྐབས་བསྒྲོན་པའི་བརྙན་དཔར་ཞིག་ཡུ་ཊུབ་ཐོག་འདུག་པས་ཁྱེད་རྣམས་ནས་ཐུགས་ཞིབ་ཆེད་འདིར་བཀོད་ཡོད་། ཆིབས་ཞབས་པའི་ཁོངས་གུས་ནས་ཞལ་ཚོར་བའི་ནང་དེང་ལྡི་ལི་བོད་ཁང་དབུ་འཛིན་རྡོ་འབུམ་རིན་པོ་ཆེ། གཟིམ་ཆུང་ཞབས་ཞུ་བ་སྐུ་ཞབས་བློ་བཟང་དགའ་བ་ལགས། དེ་སྐབས་ཨ་རི་དོན་གཅོད་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་སྐུ་སྲུང་ཀུན་དགའ་ལགས་འདུག དགེ་འདུན་པ་གཞན་ཞིག་དང་སྐྱ་བོ་ཞིག་ཡོད་པ་དེ་གུས་ནས་ཞལ་ཚོར་མ་སོང་། ཆིབས་བསྒྱུར་དེ་སྐབས་རྒྱ་གར་གཞུང་གི་ལས་བྱེད་ཟླ་བ་ལཌ་ཀྱང་ལྷན་རྒྱས་ཡོད་པ་བརྙན་དཔར་འདི་ནང་གསལ་གྱི་འདུག

བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་ཤིང་རྟ་འཁོར་ལོ་རྟའི་མདུན་དུ་བཞག་གི་ཡོད་དམ།

ང་ཚོའི་སྤྱི་ཚོགས་ཀྱི་དྲ་རྒྱའི་འཛམ་གླིང་ནང་བཀའ་བློན་ཁྲི་པའི་འོས་བསྡུའི་ཐོག་བཀའ་མོལ་དེ་ཉིན་རེ་ནས་ཉིན་རེ་བཞིན་མང་དུ་འགྲོ་བཞིན་འདུག ཉིན་རེ་བཞིན་གང་ཟག་ཞིག་གི་མཚན་བཀའ་བློན་ཁྲི་པ་འོས་མིན་གྱི་བགྲོ་གླེང་ལྟ་བུ་ཡོང་གི་འདུག བཀའ་མོལ་གནང་ཕྱོགས་འགའ་ཞིག་ལ་བལྟ་དུས་གུས་པའི་བསམ་པར་ང་ཚོས་དབྱིན་སྐད་ནང་གཏམ་དཔེ་ལྟར་རྟ་དེ་ཤིང་རྟ་འཁོར་ལོའི་མདུན་ལས་རྟའི་མདུན་ཤིང་རྟ་འཁོར་ལོ་བཞག་གནང་གི་མེད་དམ་སྙམ།

གུས་པའི་བསམ་པར་སྔོན་འགྲོའི་འོས་བསྡུའི་སྔོན་གྱི་དུས་འདིར་དོ་བདག་གི་མཚན་ཐོག་བགྲོ་གླེང་གནང་བ་ལས་་ང་ཚོས་བཀའ་བློན་ཁྲི་པའི་མཚན་གནས་དེའི་ཐུགས་འགན་ག་རེ་ཡིན་མིན་ཐོག་བཀའ་མོལ་གནང་དགོས་འདུག གནས་ཚུལ་མང་པོའི་རྐྱེན་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེའི་ཐུཌ་འགན་དེ་མ་འདྲ་བ་ཡིན། གུས་ནས་དོན་གནད་འདིར་ཐོག་དབྱིན་ཡིག་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གྱི་ཟིན་བྲིས་དང་གུས་པ་སྒེར་གྱི་ཟིན་བྲིས་ཐོག་བཀོད་ཡོད་།

ཕྱི་ལོ་༢༠༠༩ ཟླ་༩ ཚེས་༥ ཉིན་ང་ཚོའི་ས་ཁུལ་གྱི་བོད་རིགས་ཚོགས་པས་བཀའ་བློན་ཁྲི་པའི་འོས་བསྡུའི་གནད་དོན་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་སོང་བས་དེ་སྐབས་གུས་ནས་གཤམ་གསལ་གནས་ཚུལ་ཐོག་འགྲེལ་བརྗོད་ཞུས་པ་ཡིན།

འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེས་དངོས་ཡོད་གནས་ཚུལ་བཞི་ལ་དགོངས་པ་བཞེས་ནས་མཛད་བྱུས་བསྐྱང་དགོས་ཀྱི་འདུག

༡༽༧གོང་ས་མཆོག་ནས་བར་སྐབས་བཀའ་གནང་ཡག་ལ། ཕྱེད་བགྲེས་ཡོལ་དུ་བཞུགས་ཡོད་པ་དང་། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནི་བཀའ་བློན་ཁྲི་པ་ཡིན་པའི་གོ་དོན་དེ་མཁྱེན་དགོས་པའི་དངོས་ཡོད་གནས་ཚུལ་དང་པོ་དེ་རེད་།

༢༽བཙན་བྱོལ་བོད་གཞུང་ལ་ཕྱི་ཕྱོགས་ནས་ཁྲིམས་ཐོག་ངོས་འཛིན་མེད་པའི་དངོས་ཡོད་གནས་ཚུལ་དེ་གཉིས་པ་ཡིན། དེ་འདྲ་སོང་ཙང་གནས་སྟངས་དེ་འདྲའི་འོག་རྒྱ་གར་ནང་དང་། དེ་བཞིན་རྒྱ་གར་གཞུང་དང་ཕྱི་རྒྱལ་གཞུང་ཁག་ལྷན་འབྲེལ་བ་གནང་སྟངས་དེ་མ་འདྲ་བ་ཞིག་དགོས་ཡོད་པའི་དངོས་ཡོད་གནས་སྟངས་ཞིག་ཡོད་།

༣༽བོད་མི་ཚོའི་གནས་སྟངས་དང་། དེ་བཞིན་བོད་ཀྱི་ཆབ་འབངས་ཀྱི་ངོ་བོའི་དངོས་ཡོད་གནས་ཚུལ་དེ་གསུམ་པ་རེད་། དེའི་ནང་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་བོད་མི་ཚོས་རྒྱལ་ཁབ་དེ་ཚོའི་མི་སེར་གྱུར་ཡོད་པའི་ཁོང་རྣམས་ལ་ངོ་བོ་གཉིས་ཡོད་། བོད་ནང་དགོངས་པ་བཞེས་ན་ཁོང་རྣམ་པའང་འདམས་ཀ་མེད་པའི་ཐོག་ནས་ངོ་བོ་གཉིས་ཡོད་། ངོ་བོ་དེ་འདྲ་ཡོད་པའི་བོད་མི་ཚོར་དགོངས་པ་བཞེས་སྟངས་མ་འདྲ་བ་ཞིག་དགོས་ཡོད་།

༤༽བོད་མིའི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལམ་ཡིན་པའི་དངོས་ཡོད་གནས་ཚུལ། དེ་ཐོག་གསལ་བཤད་ཐོལ་པ་མི་དགོས་བསམ།

དངོས་ཡོད་དེ་ཚོ་རྩ་བར་བཟུང་བའི་ཐོག་ནས་ཕྱག་ལས་གནང་སྐབས་ཡོའབྱུང་འགྱུར་གྱི་བཀའ་བློན་ཁྲི་པས་དགོངས་པ་བཞེས་དགོས་པ་ནི།

༡༽རང་ཉིད་བཙན་བྱོལ་གཞུང་གི་དབུ་ཁྲིད་ཡིན་པ་ཙམ་མིན་པར་བོད་མི་སྤྱིའི་དབུ་ཁྲིད་ཞིག་ཡིན་པའི་འདུ་ཤེས་འཛིན་གནང་དགོས་པ། ངོ་བོ་དེ་གཉིས་དབར་ཁྱད་པར་ཆེན་པོ་ཡོད་། དེ་ནང་ལྷག་པར་དུ་བོད་ནང་དུ་ཡོད་པའི་བོད་མི་མང་བས་བཀའ་བློན་ཁྲི་པ་ལ་རང་གི་དབུ་ཁྲིད་ཞིག་ཡིན་པའི་འདུ་ཤེས་བསྐྱེད་ཐུབ་དགོས་པ་བཟོ་རྒྱུ་དང་།

༢༽བོད་མིའི་གནད་དོན་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་འབྲེལ་བ་ལ་རག་ལས་ཡོད་པས་བཀའ་བློན་ཁྲི་པས་བོད་ཕྱི་ནང་གཉིས་ཀའི་བོད་མིའི་དབར་འབྲེལ་བ་བརྟན་པོ་ཡོང་ཐབས་གནང་དགོས་ཀྱི་ཡོད་།

དེ་འདྲ་སོང་ད་ལྟའི་དུས་སྐབས་འདིར་གང་ཟག་ལས་གནད་དོན་འདི་འདྲའི་ཐོག་དགོངས་པ་བཞེས་པ་ཡིན་ན་དོན་དང་ལྡན་པ་ཡིན་བསམ་གྱི་འདུག ཟླ་བ་བཅུ་པའི་སྔོན་འགྲོའི་འོས་བསྡུའི་རྗེས་ང་ཚོས་དོ་བདག་སོ་སོའི་དགེ་དང་སྐྱོན་ཐོག་བཀའ་མོལ་གནང་ཆོག་གི་ཡོད་། དུས་ཚོད་ཡང་ཡོད་གང་ཡིན་ཞུས་ན་འོས་བསྡུ་ངོ་མ་དེ་༢༠༡༡ ཟླ་བ་༣ ནང་མ་གཏོགས་མིན།