པོད་མི་གཅིག་གི་མྱོང་ཚུལ་དེ་འདྲ་སེམས་པ་སྐྱོ་བ་ལ།

གུས་ནས་ད་རེས་དཔེ་མཛོད་ཁང་དུ་ཡོད་སྐབས་དྲ་རྒྱར་ཕྱིན་པ་ཡིན་པས་བརྙན་འཕྲིན་འདི་མཐོང་བྱུང་། ཨ་མ་ལགས་ཁོང་ལ་བཅའ་དྲི་ཞུ་མི་སུ་ཡིན་པ་གསལ་མི་འདུག་སྟེ་ཁོང་ནས་རང་ཉིད་ཀྱི་མྱོང་ཚོར་འགྲེལ་བརྗོད་གནང་བ་དེ་ནི་ཁ་ཞེ་གཉིས་མེད་ཡིན་པ་དང་། སེམས་འགུལ་ཐེབས་རྒྱུ། ཡང་ང་ཚོའི་མི་རབས་དང་པོ་དེ་ཚོ་བོད་ནས་ཐོག་མར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་སྐབས་ལུས་སེམས་གཉིས་ཀྱི་དཀའ་ངལ་གང་འདྲ་བྱུང་བ་དེ་གསལ་པོ་སྟོན་གནང་འདུག

Advertisements

མི་རིགས་གནད་དོན་།

ཐེངས་འདིར་གུས་ནས་ཁྱེད་རྣམ་པར་མི་རིགས་གནད་དོན་སྐོར་བཀའ་མོལ་ཞུ་འདོད་བྱུང་། ཟིན་བྲིས་འདི་གུས་རང་ད་རང་ཞོགས་པ་ཝ་ཤིང་ཊོན་ཌི་སི་ནས་ནིའུ་ཡོག་ཏུ་བསྐྱོད་སྐབས་ཀྱི་ཚོར་བ་ཡིན་། རི་ལི་བབ་ཚུགས་དུ་ཡོད་པའི་ཚོང་ཁང་ཞིག་ནས་ཚགས་པར་ཞིག་ཉོས་པས་དེའི་མགོ་བརྗོད་གསར་འགྱུར་ཞིག་ནི་ཉིན་ཤས་སྔོན་ཨ་རི་སོ་ནམ་ལས་ཁུངས་ཀྱི་ལས་བྱེད་མི་རིགས་ནག་པོ་ཡིན་པ་ཞིག་ནོར་འཕྲུལ་ཐོག་རྩ་དགོངས་གནང་བའི་སྐོར་རེད་འདུག ལས་བྱེད་དེས་ལོ་མང་པོའི་སྔོན་ཚོགས་འདུ་ཞིག་སར་ཁོང་ནས་མི་རིགས་དཀར་པོ་ཞིག་སྐོར་བསམ་བློ་ཡག་པོ་བཏང་ཐུབ་ཀྱི་མེད་པ་གསུངས་ཡོད་པའི་བརྙན་འཕྲིན་དུམ་བུ་གཅིག་དྲ་རྒྱ་ཐོག་ཡོངས་བསྒྲགས་བྱེད་འདུག དེ་ནི་ཁོང་ལ་མི་རིཌ་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་ཆེད་བྱས་འདུག དེས་རྐྱེན་ཁོང་ལ་མི་རིགས་ནག་པོའི་ཚོགས་པ་ཞིག་ནས་ཀྱང་སྐྱོན་བརྗོད་བྱེད་པ་དང་སོ་ནམ་ལས་ཁུངས་ནས་ཕྱིར་འབུད་བཏང་ཡོད་འདུག འོན་ཀྱང་རྗེས་སུ་གནས་ཚུལ་གསལ་དུ་ཕྱིན་ནས་ཁོང་ནས་ལོ་མང་སྔོན་གསུངས་པ་དེ་ཚོགས་འདུ་བ་ཚོར་དཀའ་ངལ་གདོང་ལེན་བྱེད་ཕྱོགས་སྐོར་འགྲེལ་བརྗོད་ཆེད་ཡིན་པ་དང་བརྙན་འཕྲིན་ཆ་ཚང་ནང་མི་རིགས་དཀར་པོ་ཞིག་ཐོག་བསམ་ཚུལ་ཡོད་པ་དེ་ནི་ཁོང་ནས་མང་ཚོགས་ལ་ཁོང་ནས་དཀའ་ངལ་དེ་འདྲ་འགལ་ནས་མི་རིགས་དཀར་ནག་དབྱེར་མེད་ཀྱི་གཟིགས་ཕྱོགས་ཡོད་པའི་སྐོར་བརྗོད་ཡོད་འདུག དེ་འདྲ་སོང་ད་རེ་ཚགས་པར་ནང་ཕོ་བྲང་དཀར་པོ་གཙོས་ཨ་རི་གཞུང་ནས་ཁོང་ལ་དགོངས་སེལ་ཞུས་པ་དང་ཡང་སྐྱར་ལས་ཀར་ཞུགས་རྒྱུའི་སྐོར་གསུངས་པའི་སྐོར་འཁོད་འདུག
དེ་ནི་ལོ་རྒྱུས་ཐོག་ཨ་རིའི་མི་རིགས་དཀར་ནག་དབར་མ་མཐུན་པ་ཡོད་པའི་བག་ཆགས་ཡིན་ས་རེད་།
རི་ལི་འགོ་བཙུགས་དུས་ངའི་ཉེ་འགྲམ་གྱི་རྐུབ་སྟེགས་ལ་མི་རིགས་ནག་པོ་ཡིན་པ་རི་ལིའི་ལས་བྱེད་ཞིག་བཞུགས་སོང་། ཁོང་གི་ཕྱིའི་རྣམ་པ་དེ་མཐོང་སྣང་ལ་བདེ་པོ་རང་མེད་པ་ཞིག་འདུག ཐོག་མར་ཁོང་ལྷན་མི་རིགས་ནག་པོ་ཡིན་པ་རི་ལི་ལས་བྱེད་གཞན་ཞིག་བསྡོད་ཞིང་ཁོང་གཉིས་བཀའ་མོལ་གནང་བཞུགས་སོང་བས་དེས་གུས་པར་ཚོར་བ་དམིགས་བསལ་གང་ཡང་མ་བྱུང་། གང་ཚམས་ཞིག་ནས་མི་རིགས་དཀར་པོ་དགུང་ལོ་༦༠ཡས་མས་ཡིན་པ་ཞིག་སླེབས་ནས་མི་རིགས་ནག་པོ་ཡོད་སའི་རྐུབ་སྟེབས་ཀྱི་མདུན་དུ་ཡོད་པའི་རྐུབ་སྟེགས་དེར་བཞུགས་སོང་། སྐབས་དེར་མི་རིགས་ནག་པོ་དེ་རང་གི་རྐུབ་སྟེགས་ཐོག་མིན་འདུག ཁོང་ཕྱིར་སླེབས་པ་དང་མི་རིགས་དཀར་པོ་དེས་ཁོང་ལ་མིག་གིས་ཡུད་ཙམ་བལྟ་བ་ལྟ་བུ་བྱས་སོང་། གློ་བུར་དུ་གུས་པའི་སེམས་ནང་ཁོང་གཉིས་ཕན་ཚུན་འབྲེལ་བ་གང་འདྲ་བྱུང་ཡོང་བསམ་བྱུང་། ཁོར་ཡུག་ལེགས་སུ་གཏོང་ཐབས་ཀྱི་གུས་པའི་བློ་ཆུང་གི་བསམ་བློས་མི་རིགས་ནག་པོ་དེ་ལ་ལྟས་ནས་ཁོང་གི་གནས་སྟངས་ཧ་གོ་ཡི་ཡོད་ཚུལ་གྱི་རྣམ་གྱུར་སྟོན་པ་ཡིན། གུས་ནས་རྩིས་ནོར་བརྒྱབ་འདུག བཀའ་མོལ་ཐོག་མར་སུས་འགོ་བཙུགས་མིན་གུས་པས་དོ་སྣང་མ་བྱུང་རུང་གང་ཚམས་ཞིག་ནས་ཁོང་གཉིས་དབར་བཀའ་མོལ་ལྷུག་པོ་བྱུང་བཞིན་འདུག གཉིས་ཀ་ལག་རྩེད་པོ་ལིར་དགའ་པོ་ཡོད་འདུག་པས་ཉེ་ཆར་རྩེད་མོ་བ་ ལེབ་རོན་ འཇེམ་སི་ ཞུ་མཁན་ཞིག་ནས་རང་གི་རུ་ཁག་བརྗེད་པོ་བརྒྱབ་པའི་སྐོར་བཀའ་མོལ་གནང་གི་འདུག དེའི་ལེགས་ཉེས་དང་ཤུགས་རྐྱེན་ཐོག་བསམ་ཚུལ་ལྷུག་པོ་བྱུང་གི་འདུག གང་ཚམས་ཞིག་ནས་ང་ཚོའི་རི་ལིའི་ལག་འཁྱེར་ཞིབ་ཤེར་གནང་མཁན་མི་རིགས་ནག་པོ་བ་ཞིག་ཕེབས་སོང་། གུས་པའི་ལག་འཁྱེར་དེ་སྔོན་ནས་ཞིབ་ཤེར་བྱེད་ཚར་སོང་། ཁོང་ནས་མི་རིགས་དཀར་པོ་བ་དེའི་ལག་འཁྱེར་ཞིབ་ཤེར་བྱེད་བཞིན་མི་དེ་གཉིས་ཀྱི་བཀའ་མོལ་ལ་ཉན་འགོ་བཙུགས་སོང་། དེ་འདྲ་ཞིག་ནས་ལག་འཁྱེར་ཞིབ་ཤེར་བྱེད་མཁན་དེ་ནས་ཀྱང་བཀའ་མོལ་ལ་དབྱིངས་འཕར་ནས་ངའི་མདུན་དུ་ཡོད་པའི་རྐུབ་སྟེགས་ཐོག་བཞུགས་ནས་ཁོང་གསུམ་ནས་རྩེད་མོ་བ་ ལེབ་རོན་ འཇེམ་སི་ སྐོར་སྐད་ཆ་མུ་མཐུད་ནས་གནང་སོང་།

མྱོང་ཚོར་དེས་གུས་པར་མི་རིགས་གཉིས་དབར་ཕྱིའི་རྣམ་གྱུར་ཁོ་ནའི་ཐོག་ནས་མཚོད་རྩིས་བྱེད་རྒྱུ་མིན་འདུག་བསམ་པ་བྱུང་།

ཨ་མདོ་འགོ་ལོག་གི་གཞས་གཏོང་མཁན་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་སྟོད་དབྱངས་ཕུལ་བ།

འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་བོད་ཤར་ཕྱོཌ་ཨ་མདོ་འགོ་ལོག་གི་གཞས་གཏོང་མཁན་ཁག་གཅིག་ནས་ཁོང་ལ་སྟོད་དབྱངས་ཀྱི་གཞས་གཉིས་བཟོ་གནང་འདུག གཞས་དེ་ཚོ་ཡུ་ཊུབ་ལ་ཡོད་པ་དེ་འདིར་པར་བཤུས་ཞུ་བ་ཡིན་པས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཆེད་ཕུལ་བ་ཡིན།