ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཀྱི་གྲོས་ཆོད་སྐོར་གླེང་བ།

༢༠༡༠ ཟླ་བ་༤ ཚེས་༩ ནས་ ༡༡ ཉིན་སུད་སིར་ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཐེངས་དང་པོ་དེ་འཚོགས་གནང་བ་རེད་། ཚོགས་འདུ་དེ་སྐོར་ཐོག་མར་ཐོས་སྐབས་ལོ་རྒྱུས་ཐོག་གནད་འགག་ཡོད་པའི་ལས་འགུལ་ཞིག་ཡིན་པ་མཐོང་བྱུང་། དེའི་རྒྱུ་མཚན་ནི་སྤྱི་ཚོགས་ཚན་རིག་གི་བལྟ་ཕྱོགས་ནས་ད་ལྟའི་དུས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོ་དེ་འགྱུར་བ་འགྲོ་བཞིན་པའི་དུས་ཞིག་རེད་པས་མ་འོངས་པའི་ཁ་ཕྱོགས་གང་འདྲར་འགྲོ་མིན་ཡོ་རོབ་ཁུལ་ཡོད་པའི་བོད་མི་ན་གཞོན་ལྟ་བུར་རག་ཆེན་པོ་ལས་ཀྱི་ཡོད་། དེས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ཕུགས་ཀྱི་གནས་སྟངས་དེ་ལ་བག་ཆགས་ཆེན་པོ་ཡོང་གི་རེད་། དེ་བཞིན་ཚོགས་བཅར་བ་གཞོན་སྐྱེས་ཚོ་ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་ནང་ཚར་ལོངས་གནང་མཁན་ཡིན་པས་རྒྱ་བལ་འབྲུག་གསུམ་སོགས་སུ་གནས་པའི་བོད་མིའི་སྤྱི་ཚོགས་ལས་མཐོང་རྒྱ་མ་འདྲ་བ་ཡོད་མཁན་ཡིན། ཡང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་སྐོར་གུས་པར་དངོས་སུ་རྒྱུས་ཡོད་པས་དེའི་ལས་འགུལ་སྤེལ་སྟངས་མ་འདྲ་བ་ཡོད་པར་རེ་བ་ཡང་ཆེ་བ་ཡོད་།
གཞོན་ནུའི་གྲོས་ཚོགས་དེའི་གྲོས་ཆོད་བཀླགས་རྗེས་གུས་པའི་བསམ་པར་ཚོགས་བཅར་བ་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་བརྒལ་ཏེ་དགོངས་པ་བཞེས་ཐུབ་མེད་པ་དེ་བྱུང་། གཅིག་བྱས་ན་གྲོས་ཆོད་འདི་ནང་མ་འཁོད་པའི་དོན་མང་པོའི་ཐོག་བཀའ་མོལ་གནང་ཡོད་སྲིད་དེ་གུས་པའི་ཚོར་བ་དེ་གྲོས་ཆོད་ཁོ་ནར་བལྟས་པའི་སྐོར་ཡིན། ཁོང་རྣམས་ནས་སོ་སོའི་ངོ་བོ་གསར་པ་དང་བོད་མིའི་འཐབ་རྩོད་ཀྱི་ཕུགས་ཀྱི་གནས་སྟངས་དང་ཁ་ཕྱོཌ་སྐོར་བཀའ་བསྡུར་གཏིང་ཟབ་པོ་གནང་ཡོད་པའི་སྐོར་གྲོས་ཆོད་ནས་མཐོང་གི་མིན་འདུག

ངའི་བསམ་པར་དུས་རབས་༢༡པའི་བཙན་བྱོལ་བོད་མི་ཚོས་སོ་སོའི་གནས་ཡུལ་རྒྱལ་ཁབ་དེའི་ཆབ་འབངས་ཡིན་པའི་ངོ་བ་དེ་ཐོག་དགོངས་པ་བཞེས་དགོས་པའི་དུས་ལ་བབ་འདུག རྒྱ་གར་ལ་བོད་མི་མང་ཆེ་བ་ཡོད་རུང་རྒྱལ་ཁབ་དེའི་མི་སེར་གནང་མཁན་མང་པོ་མེད་སྟབས་གནས་སྟངས་དེ་སླེབས་མེད་། འོན་ཀྱང་སུད་སིའི་བོད་མི་ཡིན་ན་བོད་མི་གཅིག་གི་ངོ་བོ་སྟེང་སུད་སིའི་མི་སེར་ཡིན་པའི་ངོ་བོ་དེ་ཡོད་། ངོ་བོ་གསར་པ་དེའི་ནུས་པ་ཚོར་ཆེད་སོ་སོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་དགོས་ཡོད་། གུས་པའི་བསམ་པར་དེ་འདྲ་བའི་ངོ་བོ་དེའི་ནུས་པ་ལ་དགོངས་པ་བཞེས་ནས་དེ་བཞིན་བེད་སྤྱོད་ཐུབ་རྒྱུ་དེ་ནི་བོད་མིའི་ཕུགས་ཀྱི་འཐབ་རྩོད་ཀྱི་ལག་ཆ་གལ་ཆེ་ཤོས་ཤིག་ཆགས་ཀྱི་རེད་། དེར་བརྟེན་ཡོ་རོབ་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོས་སོ་སོའི་རྒྱལ་ཁབ་དེའི་ཆབ་སྲིད་ལམ་ལུགས་སུ་མཉམ་བཞུགས་གནང་ནས་དེ་བརྒྱུད་བོད་པའི་གནད་དོན་དེ་རྒྱལ་ཁབ་དེའི་གནད་དོན་བཟོ་ཐུབ་རྒྱུའི་སྐོར་བཀའ་བསྡུར་གནང་རྒྱུའི་དུས་རེད་། དེ་དང་འབྲེལ་བ་ནི་བོད་མི་གཞོན་སྐྱེས་ཚོས་རང་ཉིད་མི་སེར་ཡིན་པའི་རྒྱལ་ཁབ་དེའི་ཆབ་སྲིད་ལས་དོན་ཐོག་མཉམ་བཞུགས་གནང་ནས་དེ་བརྒྱུད་བོད་དོན་ལ་བག་ཆགས་གང་འདྲ་བཞག་ཐུབ་མིན་སྐོར་ལའང་དགོངས་པ་བཞེས་དགོས་ཡོད་། གྲོས་ཆོད་དེའི་ནང་ཡོ་རོབ་ཆབ་སྲིད་འགྲོ་ལུགས་ཐོག་བོད་མི་གཞོན་སྐྱེས་ཚོས་མཉམ་བཞུགས་གང་འདྲ་གནང་འཆར་ཡོད་མིན་སྐོར་གང་ཡང་གསལ་མིན་འདུག
བཙན་བྱོལ་བོད་མིའི་དམངས་གཙོའི་གནས་སྟངས་དེར་དགོངས་པ་བཞེས་ནས་ལེགས་བཅོས་དགོས་པ་གསུངས་པ་དེ་ཡག་པོ་ཡིན་རུང་། དུས་ཚོད་དང་གནས་སྟངས་ལ་གཟིགས་ན་གལ་ཏེ་བོད་ཀྱི་གནད་དོན་དེ་ཡོང་རྒྱུའི་ལོ་འགའ་ཞིག་ནང་ཐག་མ་ཆོད་ན་དམངས་གཙོ་ཚད་ལྡན་ཞིག་ལས་བོད་མིའི་འཐབ་རྩོད་སྲ་བརྟན་བཟོ་ཐབས་དེ་གལ་ཆེ་བར་མཐོང་། ལར་ནས་དགོངས་པ་བཞེས་དགོས་ཡག་ལ་བཙན་བྱོལ་བོད་མིའི་དམིགས་ཡུལ་གཙོ་བོ་དེ་ག་རེ་ཡིན་དགོས་མིན་སྐོར་དེ་རེད་། དམངས་གཙོ་ཚད་ལྡན་བཟོ་རྒྱུ་དེ་གཙོ་བོ་རེད་དམ་འཐབ་རྩོད་དེར་ཐབས་ལམ་ཡོང་རྒྱུ་དེ་གལ་ཆེ་བ་རེད་། དམིགས་ཡུལ་གང་ཡིན་མིན་རྐྱེན་པའི་ལས་འགུལ་སྤེལ་ཕྱོགས་ལ་ཁྱད་པར་ཡོང་གི་རེད་།
གུས་པའི་རེ་བར་མ་འོངས་པའི་ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་དང་བོད་མིའི་ཚོགས་འདུ་ཁག་ནས་གནད་དོན་འདི་རིགས་ཐོག་དགོངས་པ་བཞེས་པའི་རེ་བ་ཡིན།

Advertisements

ཀུན་གླེང་ཐོག་བོད་ཡིག་ལེཌ་བཅོས་བགྲོ་གླེང་བལྟས་རྗེས་ཀྱི་སེམས་ཚོར་།

ཟླ་༤ ཚེས་༧ ཉིན་གྱི་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་བརྙན་འཕྲིན་ལས་རིམ་ཀུན་གླེང་ཐོག་”བོད་ཡིག་ལེགས་བཅོས་”གླེང་གཞིའི་ཐོག་བཀའ་བསྡུར་གནང་བ་དེ་བལྟས་རྗེས་གུས་པར་ཚོར་བ་འདི་འདྲ་བྱུང་།

ཐོག་མར་བཀའ་བསྡུར་དེ་དུས་ལ་བབ་པ་རེད་། དེང་སང་གི་སྤྱི་ཚོགས་གནས་སྟངས་འགྱུར་བ་ཕྱིན་ཡོད་པ་དང་། འཕྲུལ་ཆའི་རིགས་ཡར་རྒྱས་འགྲོ་རྐྱེན་གློག་ཀླད་སོགས་ལ་བོད་ཡིག་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་མང་དུ་ཕྱིན་པའི་དུས་རེད་། ཁོར་ཡུག་དེར་བརྟེན་བོད་མི་གཞོན་སྐྱེས་མང་པོས་བོད་ཡིག་ལ་ཐུགས་སྣང་གསར་པ་ཞིག་ཡོང་གི་ཡོད་། དེའི་དཔེ་མཚོན་གཅིག་ནི་དྲ་རྒྱའི་ཐོག་ཟིན་བྲིས་དང་འཕྲུལ་སྒྲའི་༼ཊི་ཝི་ཊར་༽ཐོག་བོད་ཡིག་བེད་སྤྱོད་གནང་མཁན་ཉིན་རེ་བཞིན་མང་དུ་འགྲོ་ཡི་ཡོད་།

ཀུན་གླེང་ཐོག་སྐུ་མགྲོན་བསྟན་འཛིན་བདེ་སྐྱིད་ལཌ་དང་བསོད་ནམས་རྒྱལ་མཚན་ལགས་གཉིས་ནས་སོ་སོའི་དགོངས་པ་བཞེས་ཕྱོགས་དེ་གསལ་པོ་བཟོས་གནང་སོང་། བསྟན་འཛིན་བདེ་སྐྱིད་ལགས་ནས་གཞོན་སྐྱེས་ཚོས་བོད་ཡིག་བེད་སྤྱོད་ལེགས་པ་ཡོང་ཆེད་འབྲི་སྟངས་ལ་འགྱུར་བ་སྟངས་ནས་ཚིགས་དབར་བར་སྟོང་བཞག་རྒྱུ་བཟོ་གནང་དགོས་འདུག་གསུངས། ཁོང་གི་གསུངས་པ་དེ་ནི་དེང་དུས་ཕྱིའི་སྤྱི་ཚོགས་ནང་ཚར་ལོངས་བྱེད་བཞིན་པའི་བོད་མི་གཞོན་སྐྱེས་བོད་ཡིག་ལ་ཐུགས་སྣང་ཡོད་མཁན་ཞིག་གི་དགོངས་ཚུལ་རེད་། ཁོང་གི་གསུངས་པ་དེ་འདྲ་བྱུང་བ་ཡིན་ན་བོད་ཡིག་ཀློག་བདེ་རུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད་། བསོད་ནམས་རྒྱལ་མཚན་ལགས་ནས་འགྱུར་བ་དེ་འདྲ་བཏང་དགོས་མིན་གསུངས་པ་དེ་ནི་སྔྲར་སྲོལ་འགྲོ་ལུགས་གཞི་བཞག་ནས་གསུངས་ཀྱི་ཡོད་འདུག

ངའི་བསམ་པར་ཕྱོགས་གཉིས་ཀའི་བསམ་བློ་དང་མཐུན་པ་དང་བོད་ཡིག་སློབ་སྦྱོང་བྱེད་རྒྱུར་ཕན་པ་ཡོང་རྒྱུར་བར་སྟོང་བཞག་རྒྱུའི་འགྲོ་ལུགས་དེ་ལམ་སང་སྤྱི་ཡོངས་སུ་བེད་སྤྱོད་གནང་རྒྱུའི་ཚབ་ཏུ་བོད་ཡིག་སློབ་དགེ་ཚོས་དམའ་རིམ་སློབ་ཕྲུག་ཚོར་སློབ་ཕྲིད་གནང་སྐབས་ལམ་སྟོན་ཆེད་བེད་སྤྱོད་གནང་འགོ་བཙུགས་པ་ཡིན་ན་ཕན་ཐོག་ཡོད་སྲིད་།

ཕྲུ་གུ་ཆུང་ཆུང་ཚོར་སློབ་ཚན་གང་ཞིག་སློབ་སྐབས་གོ་བདེ་པོ་བཟོ་རྒྱུ་དེ་གཙོ་བོ་རྩིས་པའི་ལུགས་སྲོལ་དེ་ང་རང་གི་བུ་ཨ་རིའི་སློབ་གྲར་འགྲོ་བཞིན་པའི་ཉམས་མྱོང་ནས་ཚོར་གྱི་འདུག དཔེར་ན་དམའ་རིམ་ཛིན་གྲའི་ནང་སློབ་ཕྲུག་ཚོས་གོ་བ་ལེན་ཐུབ་མིན་དེར་གལ་ཆེ་བ་རྩིས་ནས་ཡི་གེ་བྲིས་སྐབས་དག་ཆ་སོགས་ལམ་སྲོལ་དང་མ་མཐུན་བར་ནོར་གྱི་ཡོད་ཀྱང་རྒན་ལགས་ནས་སྣང་མེད་བཞག་གི་འདུག

དེ་འདྲ་སོང་དམའ་རིམ་དུ་བོད་ཡིག་སློབ་སྦྱོང་བྱེད་སྐབས་བར་སྟོང་བཞག་ནས་གོ་བདེ་རུ་འགྲོ་བ་ཡིན་ན་དེ་འདྲ་གནང་ཐུབ་ན་ཡག་པོ་ཡོད་ཀྱི་རེད་།
སྤྱི་ཚོགས་ནང་བར་སྟོང་བཞག་རྒྱུ་དེ་ལམ་སང་ཁས་བླངས་ཁག་པོ་ཡིན་པ་དེ་ད་རེས་ཀུན་གླེང་ལས་རིམ་ཐོག་ཞལ་པར་གནང་མཁན་ཚོའི་དགོངས་ཚུལ་ནས་གཟིགས་ཐུབ།

ངའི་ བསམ་པར་ ལམ་སྲོལ་ བཟོ་ཆེད་ ཐོག་མར་ ཐུགས་སྣང་ ཡོད་མཁན་ འགའ་ཞིག་ ནས་ ཚོད་ལྟའི་ ཐོག་ནས་ ཟིན་བྲིས་ སམ་ གསར་ཤོག་ ཤིག་འགྲོ་ལུགས་ དེ་འདྲའི་ ཐོག་ནས་ སྟོན་པ་ ཡིན་ན་ དེར་ སྤྱི་ཚོགས་ ནས་ དོ་སྣང་ ཡོང་བར་ ཕན། མཐའ་མ་ སྐད་ གང་ཞིག་ གི་ འགྲོ་ལུགས་ ལ་ འགྱུར་བ་ འགྲོ་བར་ མང་ཚོགས་ ནས་ མོས་མཐུན་ གང་འདྲ་ ཡོད་མིན་ ལ་ རག་ ལས་ ཡོད་།

ད་རང་ཞོགས་པ་གུས་པས་འཕྲུལ་སྒྲའི་༼ཊི་ཝི་ཊར་༽ཐོག་ཨ་རིའི་རྩོམ་པ་པོ་ཨེ་ལེན་སྒ་ལ་སི་སྒོ་ཡི་གསུང་ཞིག་ལུང་འདྲན་བྱས་པ་ཡིན། དེ་ནི་”འགྱུར་བ་ཚང་མ་འཕེལ་རྒྱས་མིན། འགུལ་སྐྱོད་ཐམས་ཅད་མདུན་སྐྱོད་མིན།” ལུང་འདྲན་དེ་བྱེད་སྐབས་ཀུན་གླེང་ཐོག་བཀའ་བསྡུར་དེ་འདྲ་ཞིག་ཡོང་གི་ཡོད་པ་ཚོད་དཔག་མེད་། འོན་ཀྱང་ད་ལྟའི་འགྱུར་བ་དེ་ནི་འཕེལ་རྒྱུས་ཕྱོགས་སུ་ཡིན་པ་དང་འགུལ་སྐྱོད་དེའང་མདུན་སྐྱོད་ཕྱོགས་སུ་ཡིན་པ་ཚོར་གྱི་འདུག