ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་དུ་ཨེ་ཤེ་ཡའི་མི་རིགས་ཚོ་འཛོམས་ས།

བྱང་ཝར་ཇི་ནི་ཡར་ཡོད་པའི་ཀོ་རི་ཡའི་ཚོང་ཁང་ཞིག hmart.com

ཨ་རིའི་༢༠༠༠ ལོའི་མི་འབོར་བསྡོམས་རྩིས་ནང་ཡུལ་འདིའི་ཨེ་ཤེ་ཡའི་མི་རིགས་ཀྱི་གྲངས་འབོར་ནི་ས་ཡ་༡༢ ཙམ་དང་། དེ་ནི་ཨ་རི་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་༤་༣ཙམ་ཡིན་འུདག རྒྱལ་ས་ཝ་ཤིང་ཊོན་མངའ་ཁུལ་དུ་ཡོད་པའི་ཨེ་ཤེ་ཡའི་མི་རིགས་ཀྱི་མི་འབོར་ནི་༢༠༠༠ ལོའི་བསྡོམས་རྩིས་ནང་འབུམ་བཞི་མ་ཟིན་ཙམ་རེད་འདུག
རིང་མིན་༢༠༡༠ ལོའི་མི་འབོར་བརྡོམས་རྩིས་ནང་མི་འབོར་དེ་ལས་མང་བ་ཡོད་པ་གསལ་རྒྱུ་ནི་བརྗོད་མི་དགོས་པ་རེད་། དཔེར་ན་ང་རང་བསྡོད་སའི་ས་ཁུལ་དུ་དེང་རྒྱ་གར་ནས་ཡིན་པའི་གློག་ཀླད་ཐོག་མཁས་དབང་ཕེབས་མི་མང་དུ་ཕྱིན་ཡོད་པ་མཐོང་གི་འདུག
གུས་པའི་ཚོར་བ་གཞན་ཞིག་ནི་འདི་ཁུལ་གྱི་ཨེ་ཤེ་ཡའི་མི་རིགས་ཡིན་པ་ཕལ་མོ་ཆེས་ཉིན་རེའི་ཟ་ཆས་ཉོ་ས་གཙོ་བོ་ཞིག་ནི་”ཀོ་རི་ཡའི”ཚོང་ཁང་ཟེར་བ་དེ་ཚོ་རེད་། བྱང་ཝར་ཇི་ནི་ཡའི་མངའ་སྡེའི་ནང་དེ་འདྲ་བའི་ཀོ་རི་ཡའི་ཚོང་ཁང་ཆེ་བ་གཉིས་ཡོད་པ་དང་། དེ་བཞིན་རྒྱ་མིའི་ཚོང་ཁང་ཆེ་བ་གཅིག་ཡོད་། ཚོང་ཁང་དེ་ཚོར་ག་དུས་ཕྱིན་ཀྱང་སྒོ་ནང་འཛུལ་མ་ཐག་ཀོ་རི་ཡ། རྒྱ་གར་བ། བོད་མི་སོགས་མ་གཏོགས་མི་རིགས་དཀར་པོ་དང་ནག་པོ་རེ་ཟུང་ལས་མཐོང་རྒྱུ་མེད་། ཚོང་ཁང་དེ་ཚོའི་ནང་སླེབས་སྐབས་བསམ་བློའི་ནང་ཡོད་པའི་ཨ་རིའི་སྤྱི་ཚོགས་མིན་པར་ལུང་པ་གཞན་ཞིག་ལ་སླེབས་པའི་ཚོར་བ་ཡང་ཤར་གྱི་འདུག ཁྱད་ཚར་བ་ཞིག་ལ་ཨེ་ཤེ་ཡའི་མི་རིགས་ཚོས་ཚོང་ཁང་དེ་ཚོ་རང་གི་འཛོམས་ས་ལྟ་བུ་བཟོ་གནང་བ་དེ་ནི་ཚོང་ཁང་ཚོའི་ངོས་ནས་ཁྱབ་བསྒྲགས་གནང་བའི་རྐྱེན་མིན་པར་མི་ཕན་ཚུན་གྱི་གཅིག་གི་གཅིག་ལ་ངོ་སྤྲོད་བྱུང་བ་མང་བ་རེད་།
དེ་འདྲ་སོང་ཌི་སི་ཁུལ་ནས་མིན་པའི་བོད་མི་ཞིག་ནས་འདི་ཁུལ་དུ་ཕེབས་ཀྱི་ཡོད་པ་དང་ངོ་ཤེས་སུ་ཡང་མེད་ན་ཚོང་ཁང་དེ་ཚོའི་ནང་ཕེབས་དང་ཕལ་ཆེར་བོད་པ་གཅིག་མཇལ་རྒྱུ་ཡིན་ཡིན་པ་རེད་།

Advertisements

༧གོང་ས་མཆོག་༡༩༥༧ལོར་རྒྱ་གར་དུ་ཕེབས་སྐབས་སྐུ་པར་ཁག་གཅིག

༧གོང་ས་མཆོག་དང་༧ཀུན་གཟིཌ་པཎ་ཆེན་རིན་པོ་ཆེ་རྒྱ་གར་དུ་༡༩༥༧ཕེབས་སྐབས་ཀྱི་དེ་སྔ་མཇལ་མ་མྱོང་བའི་སྐུ་པར་འགའ་ཞིག་ད་རེས་གུས་ནས་མཇལ་བྱུང་བས་རྣམ་པ་ལྷན་རྒྱས་ནས་ཐུགས་གྱེས་ཚོར་ཆེན་པོའི་ནང་ནས་ཐུགས་ཞིབ་གནང་རོགས། སྐུ་པར་འདི་ཚོ་རྒྱ་གར་གཞུང་གི་འདྲ་པར་སྡེ་མཚན་ནས་སྒྲོན་འདུག

༡༩༥༧ཟླ་༡ནང་ནུབ་སྦང་གལ་མངའ་སྡེའི་ཆི་ཏ་རན་ཇན་རི་ལི་ཨ་མ་བཟོ་གྲར་༧གོང་ས་མཆོག་ནས་གཟིཌ་སྐོར་གནང་བཞིན་པ།
༡༩༥༧ཟླ་༡་ནང་སྦང་གལ་གཞུང་ནས་༧གོང་ས་མཆོག་དང་༧ཀུན་གཟིཌ་རིན་པོ་ཆེ་ཆེད་སྣེ་ལེན་མཛད་སྒོ་ཞིག་སར་སྲིད་བློན་ནེ་རུ་ཕེབས་པའི་སྐུ་པར་།
སྲིད་བློན་ནེ་རུ་ནས་༧སྐུའི་གཅུང་པོ་མངའ་རི་རིན་པོ་ཆེ་དང་རྒྱལ་ཡུམ་ཆེན་མོ་ལྷན་ཀལ་ཀ་ཏར་༡༩༥༧ཟླ་༡ནང་སྒྲོན་པའི་སྐུ་པར་།

ཨ་རིའི་རྒྱལ་སར་བོད་ཀྱི་རྒྱལ་གཞས་འཁྲབ་སྟོན།

ཝ་ཤིང་ཊོན་ཌི་སི་བོད་མི་ཚོས་རྒྱལ་གཞས་འཁྲབ་སྟོན་གནང་བཞིན་པ།

ད་རེས་ཞོགས་པ་ཝ་ཤིང་ཊོན་ཌི་སི་ཡི་སྙན་གྲགས་ཅན་གྱི་སི་མི་ཐི་སོ་ནི་ཡན་འགྲེམས་སྟོན་ཁང་ནང་མཁས་དབང་སི་ཏུ་པཎ་ཆེན་སྐོར་དང་བོད་ལུགས་མཆོད་གཤོམས་ཀྱི་འགྲེམས་སྟོན་ལས་རིམ་དབུ་འབྱེད་མཛད་སྒོའི་ཆ་ཤས་སུ་ས་ཁུལ་འདིའི་བོད་མི་ཁག་གཅིག་ནས་བོད་ཀྱི་གནའ་བོའི་རྒྱལ་གཞས་གཟིགས་འབུལ་ཞུས་སོང་།

ཨ་མེ་རི་ཀའི་རྒྱལ་སའི་མངའ་ཁུལ་དུ་བོད་མི་༣༠༠གཡས་གཡོན་ཡོད་པ་རེད་། འོན་ཀྱང་དེའི་ནང་ནས་ཕལ་མོ་ཆེ་ནི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་དམ་ཁོང་རྣམ་པའི་ནང་མི་ཡིན་པས་བོད་མི་ཚང་མ་དུས་གཅིག་ཏུ་མཉམ་རུབ་གནང་ཐུབ་རྒྱུ་མེད་། དེ་བཞིན་ནུབ་ཕྱོགས་ཁུལ་ཀྱི་བོད་རིགས་སྤྱི་ཚོགས་ཀྱི་ཁྱད་ཆོས་གཅིག་ནི་བོད་མའི་ཟློས་གར་རིག་གཞུང་འཁྲབ་སྟོན་གནང་རྒྱུ་དེ་ཡིན་པས་ས་ཁུལ་འདིར་གོང་གི་གནས་ཚུལ་རྐྱེན་པས་འཁྲབ་སྟོན་སྦྱོང་བརྡར་དུས་ཐོག་དང་འདོད་བློ་ཚིམས་པ་གནང་རྒྱུར་དཀའ་ངལ་ཡོད་། འོན་ཀྱང་ད་རེས་འཁྲབ་སྟོན་དེ་ལེགས་པོ་ཞིག་བྱུང་སོང་སྙམ། སྤྱིར་རྒྱལ་གཞས་དེ་གཟི་རྗིད་ཅན་གྱི་གཞས་སྣ་ཞིག་རེད་། ཆས་གྱོས་དེ་ཚོ་ཡང་མཐོང་བ་ཙམ་གྱི་གཟི་རྗིད་དེ་ཚོར་ཐུབ་ཀྱི་རེད་། དེ་ནས་འཁྲབ་མཁན་ཚོ་ནི་དམིགས་བསལ་འཁྲབ་སྟོན་གྱི་སྦྱོང་བརྡར་མེད་པ་རེད་དེ་འཁྲབ་སྟངས་གྲལ་སྒྲིག་པོ་བྱུང་སོང་བས་གཟིགས་མོ་བ་ཕེབས་མི་མང་པོ་ཡོད་པ་ཚང་མས་ཡིད་ཚིམས་པའི་རྣམ་འགྱུར་སྟོན་གྱི་འདུག

མཛད་སྒོ་དེར་བོད་པའི་དགེ་འདུན་པ་གསུམ་ནས་མཆོད་གཤོམས་མདུན་ཞལ་འདོན་ཡུད་ཙམ་གནང་རྗེས་གུས་རང་འགྲེམས་སྟོན་ཁང་ནས་འཐོན་སྐབས་དཀྱིལ་འཁོར་ཞེངས་རྒྱུའི་གྲ་སྒྲིག་གནང་བཞིན་འདུག

བོད་ཀྱི་རིག་གཞུང་འགྲེམས་སྟོན་དེ་ཟླ་བ་༣ ཚེས་༡༣ ནས་ཟླ་བ་༧ པའི་ཚེས་༡༨ བར་ཡོད་པ་རེད་།

གཟིགས་མོ་བ་ནང་ནས་འགའ་ཞིག་བོད་ཀྱི་ས་ཁུལ་དུ་ཕེབས་མྱོང་མཁན་རེད་འདུག གཅིག་ནས་གུས་པར་ཐོག་མར་བོད་པ་ཡིན་མིན་བཀའ་དྲི་གནང་རྗེས་ཁོང་དཀར་མཛེས་སུ་ཕེབས་སྐབས་བོད་སྐད་ཐོག་༸བཀྲིས་བདེ་ལེགས་༸ དང་ཚིགས་གཞན་ཞིག་སློབ་སྦྱོང་གནང་བ་ཡིན་ཏེ་དེ་བརྗེད་འདུག་གསུངས་བྱུང་། ཕན་ཚུན་བཀའ་མོལ་ཁྲོད་དུ་ཚིགས་དེ་ནི་ “ཁྱོད་བདེ་མོ་” ཟེར་བ་དེ་རེད་འདུག་པས་གུས་ནས་དེའི་གོ་དོན་ཁོང་ལ་ཞུས་པ་ཡིན། ཁོང་གནས་ཚུལ་དེ་ཤེས་པར་སྤྲོ་བ་བསྐྱེད་པའི་རྣམ་འགྱུར་སྟོན་གནང་བྱུང་བས་དབྱིན་སྐད་ནང་བཤད་སྲོལ་ལྟར་ “དེས་ངའི་ཉིནམོ་འདི་བཟོས་སོང་།”

གསུམ་དུས་ཉིན་རྗེས་ཀྱི་ཚོར་བ།

ཝ་ཤིང་ཊོན་ཌི་སི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་༢༠༡༠ ཟླ་༣ ཚེས་༡༠ ཉིན་གྱི་ལས་འགུལ་སྐབས་ཀྱི་འདྲ་པར་།

ཁ་སང་ང་ཚོའི་ས་ཁུལ་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མཉམ་གསུམ་བཅུའི་དུས་དྲན་ཉིན་མོའི་སྲུང་རྩིའི་ལས་འགུལ་ལ་ཞུགས་པ་ཡིན། རྒྱ་ནག་གཞུང་ཚབ་གསར་པ་དེའི་མདུན་རེད་འདུག ནམ་རྒྱུན་ཕེབས་མི་བོད་མི་རྣམས་དང་གསར་པ་གཞན་འགའ་ཞིག་འདུག དེ་བཞིན་ནམ་རྒྱུན་ཕེབས་མི་བོད་མི་མིན་པ་ཚོ་ཡང་འདུག

མཛད་སྒྲོ་སྐབས་གུས་པར་མང་ཚོགས་སུ་ཚིག་འགའ་ཞིག་བཤོད་རོགས་གསུངས་བྱུང་བས་དེ་ཐོག་ཞལ་འདོན་འདོན་སྐབས་དང་བཀའ་མོལ་གནང་མཁན་གཞན་ཚོས་བཀའ་མོལ་གནང་སྐབས་གུས་ནས་བསམ་བློ་བཏང་ཐབས་བྱས་པ་ཡིན། དེའི་གྲུབ་འབྲས་སུ་གུས་ནས་སྐད་ཆ་བཤད་སྐབས་དོན་གནད་གཅིག་ཐོག་འབོད་བསྐུལ་ཞུ་རྒྱུ་བྱུང་།

བར་སྐབས་ཞིག་ནས་རྒྱ་ནག་གཞུང་ནས་དོན་གནད་སྤྱི་དང་དམིགས་བཀར་བོད་དོན་ཐོག་དྲིལ་བསྒྲགས་འཐབ་བྱུས་གཏིང་ཟབ་པ་ཞིག་ལག་ལེན་བལྟར་གྱི་ཡོད་པ་དེར་ཚང་མས་ཐུགས་སྣང་གནང་དགོས་པ་དང་། དེའི་ཆ་ཤས་སུ་བོད་དོན་ཐོག་ཁྱོག་བཤད་དང་༧གོང་ས་མཆོག་ལ་མཚན་དམད་ཞུ་རྒྱུ་དེ་རེད་འདུག ངའི་བསམ་པར་ཐབས་ལམ་འདི་བརྒྱུད་རྒྱ་ནག་ནས་མི་མང་གི་བསམ་ཚུལ་ཁོང་ཚོའི་ཕྱོགས་སུ་ཡོང་ཐབས་བྱེད་ཀྱི་ཡོད་འདུག

གནས་སྟངས་འདི་དེ་སྔ་དང་མ་འདྲ་བ་གང་ཡིན་ཞུས་ན། དེ་སྔ་རྒྱ་ནག་གཞུང་གི་ཁྱོག་བཤད་བྱེད་སྐབས་དམར་དམར་ལྗེན་ལྗེན་རང་ཡིན་པ་དང་། ཡང་ན་དོན་གནད་འགའ་ཞིག་ལ་ཡ་ལན་མ་བྱེད་ནས་བསྡོད་ཀྱི་ཡོད་། དེང་ཁོང་ཚོའི་ཕྱིར་བསྒྲགས་བྱེད་སྟངས་དེ་བསྒྱུར་བ་བཏང་ནས་རྒྱ་ནག་གི་ལྟ་བ་ལ་དགའ་མོས་བྱེད་མཁན་མིནའང་གནས་ཚུལ་དེ་མཐོང་དུས་རྒྱུ་ཚན་མེད་དམ་སྙམ་པ་བཟོ་རྒྱུའི་དམིགས་ཡུལ་ཡོད་པ་གསལ་པོ་འདུག དེ་འདྲ་སོང་ང་ཚོའི་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་དམག་འདིར་ཐབས་བརྒྱ་བྱུས་སྟོང་ཐོག་ཁ་གཏད་གཅོག་གནང་རྒྱུ་ནི་དུས་ལ་བབ་པ་ཞིག་རེད་།
ཐབས་ཤེས་བཟང་ཤོས་ཤིག་ནི་དེང་དུས་ཀྱི་འཕྲུལ་ཆའི་མཐུན་རྐྱེན་དེ་བེད་སྤྱོད་ནས་ཀློག་ཀླད་བེད་སྤྱོད་གནང་མཁན་བོད་མི་གཞོན་སྐྱེས་ཕེལ་པོ་ཆེ་ཡིན་དུས་དྲ་རྒྱའི་ཐོག་བོད་མི་རེ་རེ་ནས་ལས་འགུལ་སྤེལ་དགོས་འདུག ཟིན་བྲིས་མེད་མཁན་ཚོས་ཟིན་བྲིས་འགོ་བཙུགས་པ་དང་། འཕྲུལ་སྒྲ་དང་གཞན་གྱི་ཆ་རྐྱེན་བརྒྱུད་བསམ་ཚུལ་གསལ་པོ་སྟོན་གནང་དགོས་འདུག ལྷག་པར་དུ་རྒྱ་ཡིག་མཁྱེན་མཁན་ཚོས་དེ་ལྟར་གནང་ཐུབ་ན་ཕྲལ་ཕུག་གཉིས་ཀྱི་ཁེ་ཕན་ཡིན་པ་དེ་ད་རང་ཞོགས་པའི་ཚོར་བ་ཡིན།