༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་བསྒྱུར་སྐོར་རྩ་བ་དང་ཡལ་གའི་ཐོག་གླེང་བ།

གུས་པའི་ཟིན་བྲིས་”༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་སྒྱུར་སྐབས་ཀྱི་མྱོང་ཚོར།” དེ་དུས་བབ་ཀྱི་ཟིན་བྲིས་སྟེང་བཀོད་པའི་ཐོག་དགོངས་ཚུལ་གསུངས་མཁན་འགའ་ཞིག་འདུག་པས་ཁོང་ཚོར་ཐུགས་སྣང་གནང་བར་དགའ་བསུ་ཞུ་བ་དང་། ཁོང་ཚོས་དོགས་དྲི་གནང་བ་དེ་ཚོར་ལན་གང་ཐུབ་ཕུལ་ཐུབ་ཐབས་ཞུ་རྒྱུ་ཡིན། དེ་བྱེད་དགོས་དོན་ནི་གུས་པའི་རེ་བར་ང་ཚོའི་སྤྱི་ཚོགས་ནང་དོན་གནད་དེ་འདྲའི་ཐོག་བགྲོ་གླེང་གཏིང་ཟབ་པ་ཡོང་ཆེད་ཡིན།

ཐོག་མར་གུས་པས་བྲིས་པ་དེ་ནི་ཟིན་བྲིས་མ་གཏོགས་གསར་འགྱུར་མིན་ལ་སྤྱིར་བཏང་གི་རྩོམ་བྲིས་ཡང་མིན། གསར་འགྱུར་ལྟ་བུར་དོ་བདག་སོ་སོའི་སྐོར་བྲིས་མི་རུང་། འོན་ཀྱང་ཟིན་བྲིས་ཞིག་གི་དམངས་གཞིའི་ཁྱད་ཆོས་ནི་དོ་བདག་རང་གི་མྱོང་ཚོར་བཀོད་རྒྱུ་དེ་རེད་། གུས་པས་བརྗོད་དགོས་མེད་རུང་ཟིན་བྲིས་ནི་གནའ་སྲོལ་ཉིན་དེབ་ཡོད་པ་དེ་དེང་དུས་ཐབས་ལམ་ཐོག་བཀོད་པ་ལྟ་བུ་རེད་། རྒྱབ་ལྗོངས་དེ་འདྲའི་འོག་འབྲེལ་ཡོད་ཟིན་བྲིས་དེ་ནང་གུས་པའི་ལས་འགན་ངོ་སྤྲོད་ཞུས་པ་དེ་ནི་དོན་གནད་འདི་དང་འབྲེལ་བ་པཟོ་ཐབས་ཞིག་ལས་སྤྲེལ་ལད་ལྟ་བུ་གཞན་གང་ཡང་མིན། དེ་འདྲ་བྱེད་དགོས་དོན་ཡང་མེད་། གལ་ཏེ་གོ་བ་དེ་འདྲ་ཡོང་གི་འདུག་ན་དེ་ནི་གུས་པའི་བརྗོད་བྱ་བཀོད་སྟངས་མ་སྒྲིག་པ་ལ་རྩིས་གནང་རོགས།

དེ་ནས་ཨ་རི་གཞུང་གི་ཆབ་སྲིད་ཀྱི་སྔོན་བརྡ་ཞིག་རེད་ཟེར་བ་དེ་ནི་ཕོ་བྲང་དཀར་པོའི་གསལ་བསྒྲཌ་ནང་༧གོང་ས་མཆོག་གི་དབུ་མའི་ལམ་ལ་ཁ་གསལ་ཐོག་བསྔགས་བརྗོད་གནང་བ་དེ་ལ་གོ་དགོས། དེ་ནི་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་སྔོན་བརྡ་རེད་། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་ནས་ཐབས་ཤེས་སྣ་ཚོཌ་རྒྱུད་༧གོང་ས་མཆོག་གི་གཉིས་སྨན་དབུ་མའི་ལམ་ལ་དམའ་འབེབས་དང་མཐོང་ཆུང་བཟོ་ཐབས་བྱེད་བཞིན་ཡོད་པར་དེ་རྒྱལ་སྤྱིའི་ནང་ལམ་ལྷོང་ཡོང་རྒྱུ་མིན་པའི་སྔོན་བརྡ་རེད་བསམ། རྒྱལ་ཁབ་ཅིག་གི་དབུ་ཁྲིད་ནས་དེ་འདྲ་བའི་དབུ་མའི་ལམ་ཐོག་ཡོངས་བསྒྲགས་འགྲེལ་བརྗོད་གནང་བ་གུས་པར་བཤད་རྒྱུ་མེད་།

ཡང་༧གོང་ས་མཆོག་བྱང་ཨ་རི་ལ་ཕེབས་སྐབས་ཆིབས་བསྒྱུར་གྱི་གོ་སྒྲིག་གནང་རྒྱུའི་འགན་གཙོ་བོ་དེ་ནི་ནིའུ་ཡོག་ཏུ་ཡོད་པའི་ སྐུ་ཚབ་དོན་གཅོད་རེད་། དེ་འོག་ས་གནས་སོ་སོར་མཛད་འཆར་ཡོད་པ་དེར་གོ་སྒྲིག་གི་རམ་འདེགས་ཞུ་རྒྱུ་དེ་འབྲེལ་ཡོད་གདན་ཞུ་འབུལ་མཁན་ནམ་འགན་ཡོད་པའི་སྒྲིག་འཛུགས་ལ་ཡོད་། དཔེར་ན་གསུང་ཆོས་ལྟ་བུའི་མཛད་འཆར་ཡིན་ན་གདན་ཞུ་འབུལ་མཁན་ཆོས་ཚོཌ་དེས་རམ་འདེགས་ཞུ་དགོས་ཀྱི་ཡོད་རེད་། ད་རེས་ཆིབས་བསྒྱུར་འདིར་མཚོན་ན་ཁེ་ལི་ཕོར་ནི་ཡ་དང་ཕོ་ལི་རི་ཌའི་མཛད་འཆར་ཐོག་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་ཞུ་མཁན་ནས་གོ་སྒྲིག་དང་རམ་འདེགས་ཞུས་ཡོད་པ་གསར་འགྱུར་བརྒྱུད་ལམ་ཐོག་གཟིཌ་གསལ་ལྟར་རེད་། ཝ་ཤིང་ཊོན་ལ་ཆ་བཞག་ན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་འདིར་ཡོད་པ་དང་། ༧གོང་ས་མཆོག་དང་བོད་གཞུང་ནས་ཨ་རི་གཞུང་མཉམ་འབྲེལ་བ་ཞུ་ཡག་དེའི་ཐུགས་འགན་ཁོང་ལ་ཡོད་པ་དེ་ནི་བོད་གཞུང་ནས་འབྲེལ་ཡོད་ལས་ཁུངས་ཁག་ལ་གསལ་པོ་བཟོ་གནང་ཡོད་རེད་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་འགན་ནི་ཕྱག་ལས་དེར་མཐུན་རྒྱུར་ཞུ་རྒྱུ་དེ་རེད། འབྲེལ་བ་དེ་འདྲའི་འོག་༧གོང་ས་མཆོག་ཝ་ཤིང་ཊོན་དུ་ཆིབས་བསྒྱུར་གནང་སྐབས་ང་ཚོས་དེ་འདྲ་བའི་ལས་འགན་འཁྱེར་བཞིན་ཡོད་པ་རེད་། དེ་ཙམ་མ་ཟད་ས་གནས་གཞན་དུ་ཆིབས་བསྒྱུར་གནང་སྐབས་ཀྱང་དགོས་གལ་སྐབས་ང་ཚོས་ཕྱག་རོགས་ཞུ་སྲོལ་ཡོད་པ་རེད་།

དེ་ནས་དྲི་བ་འགའ་ཞིག་༧གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་མཇལ་ཕྲད་གནང་གྲུབ་རྗེས་ཕོ་བྲང་དཀར་པོའི་ར་བའི་ནང་གསར་འགོད་པར་བཀའ་མོལ་གནང་བར་ཕེབས་སྐབས་ཕེབས་ལམ་དེའི་སྐོར་རེད་། དེར་དོན་ཚན་གཉིས་ཡོད་རེད་། གཅིག་ནི་གད་རྙིག་ཡོད་པ་དེ་རེད་། སྐུ་པར་དེ་འདྲ་རང་གཞན་སུལའང་མཐོང་བདེ་པོ་མེད་རུང་ང་ཚོས་སྲིད་འཛིན་དང་ཨ་རི་གཞུང་ནས་༧གོང་ས་མཆོག་ལ་མཐོང་ཆུང་ཞུས་པར་རྩིས་རྒྱུ་མེད་། ངའི་བསམ་པར་ཕོ་བྲང་དཀར་པོའི་ནང་གི་མཇལ་ཁ་གོ་སྒྲིག་ཞུ་མཁན་ལས་ཁུངས་དང་གད་རྙིག་དོ་དམ་གནང་མཁན་ལས་ཁུངས་དབར་གྲོས་སྒྲིག་ཡག་པོ་ཞིག་མ་བྱུང་བའི་རྐྱེན་རེད་བསམ།
དོན་ཚན་གཉིས་པ་དེ་ནི་ཕྱིར་ཕེབས་གནང་སའི་ཕེབས་སྒོ་དེ་རྒྱབ་སྒོ་ལྟ་བུ་ཞིག་ཡིན་པའི་སྣང་ཚུལ་སྐོར་རེད་། དེ་ནི་ཕྱི་རྒྱལ་གསར་འགོད་པས་རང་སྣང་གི་བྲིས་པ་ཞིག་རེད་། ཕོ་བྲང་དཀར་པོར་ཕེབས་མྱོང་མཁན་དང་ཡང་ན་དེའི་ཆགས་སྟངས་དྲ་ཚིགས་ཐོག་ཡོང་བསྒྲགས་འདིར་གཟིགས་རྒྱུ་ཡོད་པ་ཐོག་ནས་གཟིགས་གསལ་ལྟར་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཀ་ནས་དེའི་ནང་ཕེབས་རྒྱུའི་སྒོ་མང་པོ་ཡོད་རེད་། དེ་འདྲ་སོང་རྒྱབ་སྒོ་དང་མདུན་སྒོ་ཟེར་བ་དེ་འདྲ་མེད་པ་རེད་། ད་རེས་ཆིབས་བསྒྱུར་སྐབས་༧གོང་ས་མཆོག་ཡར་ཕེབས་སྐབས་ལྷོ་ཕྱོགས་གཟིམ་སྒོ་ཞིག་ནས་ཕེབས་པ་དང་། ཕྱིར་ཕེབས་སྐབས་བྱང་སྒོ་ཞིག་ནས་ཕེབས་པ་རེད་། དེའི་རྒྱུ་མཚན་ནི་གསར་འགོད་པ་ནམ་རྒྱུན་ནས་བྱང་ཕྱོགས་སྒོ་ཞིག་མདུན་འདུ་འཛོམས་གནང་སྲོལ་ཡོད་པ་རེད་།
ལར་ནས་ང་ཚོ་བོད་མི་ཚོས་རང་རེའི་ཆབ་སྲིད་དོན་གནད་ཐོག་གཏིང་ཟབ་པའི་ཐོག་ནས་གཟིགས་ཐུབ་རྒྱུ་དེ་ནི་ང་ཚོའི་ཕུགས་རིང་གི་ཁེ་ཕེན་ཙམ་མིན་པར་སྐབས་བབས་ཀྱི་ལས་འགན་ཡང་ཡིན་། དེ་ཐོག་ང་ཚོས་རྩ་བ་དང་ཡལ་གའི་དབར་ཁྱད་པར་གཟིགས་ཐུབ་པ་དང་གལ་ཆེ་ཆུང་རྩིས་ཐུབ་པ་གནང་དགོས་འདུག དཔེར་ན་༧གོང་ས་མཆོག་དང་སྲིད་འཛིན་ཨོ་སྤ་མ་གཉིས་ཀྱི་མཇལ་ཕྲད་ཐོག་ཕེབས་སྒོ་དང་སྐུ་པར་དེ་ནི་ཡལ་ག་དང་མཇལ་ཕྲད་རྗེས་༧གོང་ས་མཆོག་ནས་གསར་འགོད་པར་བཀའ་གནང་བ་དེ་དང་ཕོ་བྲང་དཀར་པོའི་གཞུང་འབྲེལ་གསལ་བསྒྲགས་གནང་བ་གཉིས་ནི་རྩ་བ་ལྟ་བུ་རེད་། དེ་དང་འབྲེལ་བའི་གནས་ཚུལ་ནི་བོད་མིའི་ཆབ་སྲིད་འཐབ་བརྩོད་ཀྱི་མ་འོངས་པ་དང་འབྲེལ་བ་ཡོད་པས་བོད་མི་ཚང་མས་གནད་འགག་མཁྱེན་ཐུབ་ཐབས་གནང་དགོས། བདག་གི་ཟིན་བྲིས་དེ་ཡང་དོན་གནད་དེ་ཐོག་ཐུགས་སྣང་ཡོང་བ་བཟོ་རྒྱུའི་དམིགས་ཡུལ་ཟིན་ནས་བྲིས་པ་ཞིག་ཡིན། ང་ཚོས་བགྲོ་གླེང་དང་བཀའ་བསྡུར་དེ་འདྲའི་ཐོག་གནང་ན་སྤྱི་དོན་ལ་ཐུགས་ཕན་གསོས་པ་ཡོད་སྙམ། དེ་ནི་ང་རའི་རེ་སྨོན་ཡིན།

Advertisements

ད་ལོ་ས་འགུལ་གང་དུ་ཡོང་གི་ཡོད་དམ།

ད་རང་ཞོགས་པ་ཞོར་དུ་བོད་གཞུང་སྨན་རྩིས་ཁང་ནས་འགྲེམས་སྤེལ་གནང་བའི་ལྕགས་སྟག་ལོའི་ལོ་ཐོ་བསྡུས་པ་དེ་ལ་བལྟས་པ་ཡིན་པས། དེའི་ནང་ལོ་འདིའི་ནང་གཙོ་བོ་རྒྱ་གར་ནང་དུ་གནམ་གཤིས་འགྱུར་ལྡོག་དང་རང་འབྱུང་གནོད་འཚེ་ཡོང་སྲིད་པའི་སྐོར་འགྲེལ་བཤད་དེ་ཀླག་པ་ཡིན།
ལོ་ཐོ་དེའི་ནང་སྔོན་བརྡ་འདི་ལྟར་གནང་འདུག
“༧གུང་འདིར་དབུས་འགྱུར་འཕགས་པའི་ཡུལ་འདིར་ལོ་སྟོད་ཆར་ཆ་ལེགས་ཤིང་བདེ་སྐྱིད་ངང་གིས་འཕེལ། ལོ་སྨད་བོད་ཟླ་ ༡༠ ནས་འཁྲུག་རྩོད་ཕྲན་ཙམ་དང་ནད་ཡམས་ཀྱིས་འཚེ་ངོ་ཤར་། ༧ལྷོ་ཕྱོགས་སུ་མུ་གེ་དང་ས་འགུལ་ཡོང་ཉེན། དེ་ཡང་བོད་ཟླ་ ༣ ཚེས་ཤར་ནས་བོད་ཟླ་ ༤ ཚེས་ ༢༢ བར་དང་། སླར་བོད་ཟླ་ ༡༢ ནང་བཅས་པར་ས་འགུལ་ཡོང་བའི་ཉེན། ༧ནུབ་དང་ནུབ་བྱང་ཕྱོགས་སུ་འཁྲུག་རྩོད་ཡང་ཡང་ཡོང་ངོ་དང་། ལྷག་པར་བོད་ཟླ་ ༩ ཟླ་དཀྱིལ་ཙམ་ནས་ཟླ་ ༡༢་ཚེས་ ༡༠ བར་འཁྲུག་རྩོད་རྒོད་། མེ་སྐྱོན་གྱི་ཉེན་ཁ་ཡང་ཅུང་མཆིས། ༧བྱང་ཕྱོགས་རང་ཡུལ་གངས་ཅན་ལྗོངས་སུ་རིམ་བཞིན་རྣམ་དཀར་དགེ་བའི་ཆོས་ཕྱོགས་ཀྱི་བྱ་བར་ལོངས་སུ་སྤྱོད་རྒྱུའི་སྐལ་བཟང་ཞིག་འཆར་བའི་ངོ་། སྟོད་དང་བྱང་འབྲོག་ཁུལ་དགུན་སྟོད་ཁ་བ་དང་བུ་ཡུག་འཚུབ་ངོ་བཅས།”

གོང་འཁོད་དེ་བཀླགས་ཟིན་ཚམས་གསར་འགྱུར་བལྟ་སྐབས་བོད་ཀྱི་སྟོད་དིང་རི་ས་ཁུལ་དུ་ས་ཡོམ་བྱུང་བ་དེ་མཐོང་བྱུང་བས། གུས་པར་བསམ་བློ་འདི་འདྲ་འཁོར་བྱུང་། ང་ཚོའི་རྩིས་ལུགས་ཐོག་ལོ་ལྟར་སྔོན་བརྡ་དེ་འདྲ་གནང་བ་དེ་ཚོས་ལོ་འཇུག་ཏུ་དངོས་སུ་བྱུང་བའི་གནས་ཚུལ་དང་ག་ཚོད་ཙམ་མཐུན་པ་ཡོང་གི་ཡོད་དམ། དེ་ཐོག་ད་ལོ་ཐུགས་ཞིབ་གནང་རྒྱུ་འདུག་བསམ།
གུས་པས་གོ་བ་ལེན་ནོར་བྱས་མེད་ན་ད་ལོའི་སྔོན་བརྡའི་ནང་ཁ་གསལ་བའི་དོན་གནད་གཉིས་འདུག གཅིག་ནི་རྒྱ་གར་ལྷོ་ཕྱོགས་སུ་ ”བོད་ཟླ་ ༣ ཚེས་ཤར་ནས་བོད་ཟླ་ ༤ ཚེས་ ༢༢ བར་དང་། སླར་བོད་ཟླ་ ༡༢ ནང་བཅས་པར་ས་འགུལ་ཡོང་བའི་ཉེན།” དུས་ཚོད་དེ་ནི་ཕྱི་ཟླ་ ༤ ཚེས་ ༡༥ ནས་ ཕྱི་ཟླ་ ༦ ཚེས་ ༤ བར་དང་། བོད་ཟླ་ ༡༢ ནི་ ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༣ ནས་འགོ་བཙུགས་ཀྱི་འདུག ད་དུས་དེའི་ནང་ས་འགུལ་གྱི་གནས་སྟངས་གང་འདྲ་བྱུང་མིན་དེ་ནས་རོབ་ཙམ་མཁྱེན་ཐུབ་ཀྱི་རེད་བསམ།

དོན་གནད་གཉིས་པ་དེ་ནི་རྒྱ་གར་ནུབ་དང་ནུབ་བྱང་ཁུལ་དུ་ “ལྷག་པར་བོད་ཟླ་ ༩ ཟླ་དཀྱིལ་ཙམ་ནས་ཟླ་ ༡༢་ཚེས་ ༡༠ བར་འཁྲུག་རྩོད་རྒོད་།” ས་ཁུལ་དེ་ནི་པ་ཀི་སི་ཐན་ཕྱོགས་སུ་རེད་། དུས་ཚོད་དེ་ནི་ཕྱི་ཟླ་ ༡༠ ཚེས་ ༢༢ ནས་ ༢༠༡༡ ཟླ་ ༢ ཚེས་ ༡༣ བར་ཡིན།

༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་བསྒྱུར་སྐབས་ཀྱི་མྱོང་ཚོར་།

༧གོང་ས་མཆོག་ནས་གསར་འགོད་པར་བཀའ་མོལ་གནང་བཞིན་པའི་སྐུ་པར་། གུས་རང་སྐུ་རྒྱབ་དུ་ཡོད་། http://www.rfa.org/tibetan

ད་རེས་༧གོང་ས་མཆོག་གི་འདི་ག་ཝ་ཤིང་ཊོན་ཌི་སི་རུ་ཆིབས་བསྒྱུར་ལེགས་གྲུབ་བྱུང་བར་ད་ལྟ་བསམ་བློ་གཏོང་སྐབས་གུས་རང་བསྐལ་བཟང་གི་ལས་དོན་འདི་རིགས་སུ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་ཡོད་པ་དེ་རང་གི་མི་ཚེའི་ནང་ནམ་ཡང་བརྗེད་མི་ཐུབ་པའི་མྱོང་ཚོར་ཞིག་བྱུང་སོང་།

གུས་རང་༡༩༨༢ ལོར་རང་རེའི་གཞུང་གི་ཞབས་ཞུར་དངོས་སུ་འཛུལ་ཞུགས་བྱས་ནས་ད་བར་དགའ་སྤོབས་ཆེ་ཤོས་དེ་ནི་༧གོང་ས་མཆོག་གི་མཛད་དོན་དང་འབྲེལ་བའི་ལས་དོན་འདི་འདྲ་ཐོག་རང་ནུས་གང་ཐུབ་ཀྱིས་ཞབས་ཞུའི་གོ་སྐབས་བྱུང་བ་དེ་ཡིན།

སློབ་གྲཱ་ཆེན་མོའམ་མཐོ་སློབ་འཐོན་རྗེས་ཐོག་མར་ལོ་གཉིས་ཙམ་རིང་རྒྱ་གར་གསར་ཤོག་ཞིག་གི་གསར་འགོད་པའི་ལས་ཀ་བྱེད་པ་ཡིན་། དེ་སྐབས་སྤྱིར་བོད་མི་ཞིག་ཡིན་པའི་ཆ་ནས་བོད་པའི་ལས་འགུལ་དང་འབྲེལ་བ་ཡོད་པ་དང་ཚགས་པར་དེའི་ནང་སྐབས་རེ་བོད་དོན་སྐོར་རྩོམ་བྲིས་རྒྱུའི་གོ་སྐབས་བྱུང་རུང་ཉིན་རེའི་ལས་ཀ་ནི་རྒྱ་གར་རྒྱལ་སར་ཡོད་པའི་མཐོ་སློབ་ཁག་གི་ལས་དོན་སྐོར་གནས་ཚུལ་འཁོ་སྒྲུག་བྱེད་རྒྱུ་དེ་ཡིན། དེ་ནས་དེ་སྐབས་རང་གཞུང་དྲིལ་བསྒྲགས་ལས་ཁུངས་དང་ད་ཆ་ཕྱི་དྲིལ་ལས་ཁུངས་སུ་ཞབས་ཞུ་འགོ་བཙུགས་པ་ནས་ཉིན་རེའི་ལས་དོན་དེ་ཡང་བོད་དང་འབྲེལ་བ་རང་ཆགས་པ་རེད་། ལྷག་པར་༡༩༩༥ལོར་འདི་ག་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ལས་དོན་ཆེད་གཏོང་གནང་རྗེས་གུས་པའི་ལས་འགན་གཅིག་ནི་༧གོང་ས་མཆོག་གི་འདི་ཕྱོགས་སུ་ཆིབས་བསྒྱུར་གོ་སྒྲིག་ལ་རམ་འདེགས་ཞུ་རྒྱུ་དེ་ཡིན། ཕྱོགས་གཅིག་ནས་ལས་དོན་དང་ལས་འགན་ཞིག་ཡིན་རུང་ཕྱོགས་གཞན་ཞིག་ལ་གང་ཟག་སུ་འདྲ་ཞིག་དང་ལྷག་པར་བོད་མི་ཡིན་ཕྱིན་ཆེད་༧གོང་ས་མཆོག་གི་མཛད་འཆར་དང་འབྲེལ་བའི་ལས་དོན་ཐོག་མཉམ་ཞུགས་བྱེད་རྒྱུ་ནི་རྙེད་དཀའ་བའི་གོ་སྐབས་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་རེད་།

ད་རེས་ཝ་ཤིང་ཊོན་ཆིབས་བསྒྱུར་དེས་༧གོང་ས་མཆོག་ལ་འཛམ་གླིང་མི་མང་སྤྱི་དང་དམིགས་བཀར་བོད་མི་ཚོས་དད་གུད་ཆེན་པོ་བྱེད་ཀྱི་ཡོད་པའི་གཞི་རྩ་ག་རེ་ཡིན་པ་དེ་གསལ་པོ་བསྟོན་སོང་སྙམ། འདི་ཁུལ་དུ་དངོས་སུ་ཡོད་པའི་ཟླ་བ་འགའ་ཞིག་ཙམ་ལས་མ་ཕྱིན་པའི་བྱི་པ་གཙོས་བོད་མི་ཚོ་དང་ལྷག་པར་བོད་ནང་དང་རྒྱལ་ཁབ་གཞན་ནང་ཡོད་པའི་བོད་མི་ཚོས་༧གོང་ས་མཆོག་ལ་སྒོ་གསུམ་གུས་པས་ད་རེས་ཀྱི་ཆིབས་བསྒྱུར་འདིར་དགའ་བསུ་ཞུས་སྟངས་དེས་ཁོང་དང་བོད་མིའི་དབར་མི་རབས་དང་། ལོ་རྒྱུས་། དེ་བཞིན་ལས་དབང་གི་འབྲེལ་བ་གཏིང་ཟབ་ཡོད་པ་དེ་མཚོན་གྱི་འདུག ཡང་ཚེས་༡༨ཉིན་ལོ་གསར་དུས་སྐབས་དང་སྟུན་ནས་སྣེ་ལེན་མཛད་སྒོ་ཞིག་དང་། ཚེས་༡༩ཉིན་གྱི་དམངས་གཙོའི་ཞབས་ཞུའི་གཟེངས་རྟགས་འབུལ་ཞེས་ཀྱི་མཛད་སྒོ་སོགས་སྐབས་ཨ་རི་བ་དང་དེ་བཞིན་ཕྱི་མི་རྒྱ་ཕྲག་འགའ་ཞིག་གིས་༧གོང་ས་མཆོག་ལ་དགའ་བསུའི་རྣམ་གྱུར་སྟོན་སྟངས་དེས་མགོན་པོ་གང་གིས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་དང་མི་རིགས་དབར་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབས་ལ་སོགས་པའི་མཛད་པ་འཕྲིན་ལས་ལ་རྗེས་སུ་ཡིད་རངས་ཞུ་བཞིན་ཡོད་པ་མཚོན་གྱི་ཡོད་། ལྷག་པར་གཟེངས་རྟགས་དེས་༧གོང་ས་མཆོག་ནས་མིའི་སྤྱི་ཚོགས་ནང་དམངས་གཙོའི་ལམ་ལུགས་གནས་འགག་ཡོད་པ་དང་། དེ་ཐོག་སྐུ་ངལ་འཛེམས་མེད་ཐོག་ནས་སྐུ་ལས་སྐྱོན་གྱི་ཡོད་པ་དེར་ངོས་འཛིན་ཡོད་པ་མཚོན་གྱི་ཡོད་།

ཡང་ཨ་རི་གཞུང་གི་འཛིན་སྐྱོང་སྡེ་ཚན་གྱི་ཆབ་སྲིད་ཀྱི་ཐུགས་འགན་གཙོ་བོ་བཞེས་མཁན་སྲིད་འཛིན་སྦ་རག་ཨོ་སྦ་མ་དང་ཕྱི་སྲིད་བློན་ཆེན་ཧི་ལ་རི་ཁི་ལིན་ཊོན་གཉིས་ཀ་ནས་༧གོང་ས་མཆོག་དང་མཇལ་ནས་བོད་དང་རྒྱལ་སྤྱིའི་དོན་གནས་ཐོག་བཀའ་བསྡུར་ལྷུག་པོ་གནང་བ་དང་། སྲིད་འཛིན་ཨོ་སྦ་མའི་མགྲིན་ཚབ་པས་རྗེས་སུ་གསལ་བསྒྲགས་གནང་བ་བཞིན་སྲིད་འཛིན་ནས་༧གོང་ས་མཆོག་གི་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་སྔགས་བརྗོད་དང་རྗེས་སུ་ཡིད་རངས་ཡོད་པ། བོད་རྒྱ་འབྲེལ་བའི་འབྲེལ་མོལ་མུ་མཐུད་རྒྱུར་རྒྱབ་སྐྱོར་གནང་བ་དེས་ཨ་རི་གཞུང་གི་ཆབ་སྲིད་སྔོན་བརྡ་ཞིག་རེད་། སྲིད་འཛིན་མཆོག་དང་༧གོང་ས་མཆོག་དབར་གནད་དོན་མང་པོའི་ཐོག་དགོངས་མཐུན་ཡོད་པ་དང་། ཕྱི་སྲིད་བློན་ཆེན་ནས་༧གོང་ས་མཆོག་ལྷན་ཕྱག་རོགས་གཞན་སུའང་མེད་པའི་ཐོག་ནས་བཀའ་མོལ་ཐོལ་པ་སྐར་མ་༡༥ཙམ་གནང་བ་དེས་ཁོང་ནས་༧གོང་ས་མཆོག་ལ་དམིགས་བསལ་ཐུགས་རེ་ཡོད་པ་དང་ཐུགས་ཡིད་ཆེ་བའི་རྣམ་གྱུར་ཡིན་པ་རེད་།

གང་ལྟར་ད་རེས་ཀྱི་ཆིབས་བསྒྱུར་དེས་རང་གཞན་ཚང་མར་སེམས་ཤུགས་སྐྱེས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེས་དེ་དངོས་གསལ་བྱུང་བ། བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚོ་དང་མགོན་པོ་གང་ཉིད་དབར་ལས་དབང་གི་འབྲེལ་བ་གཏིང་ཟབ་དུ་ཕྱིན་པའི་གྲུབ་འབྲས་བྱུང་ཡོད་པའི་མྱོང་ཚོར་བྱུང་།

ཁ་བ་མར་མར་བབས་པས་ང་ཚོ་ཡར་ཡར་འགྲོ་ས་མི་འདུག

བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་འགོ་གཙུགས་པའི་འདི་ག་ཝ་ཤིང་ཊོན་གཡས་གཡོན་དུ་ཁ་བ་དེས་བདག་གི་ཉིན་རེའི་བྱེད་སྒོའི་ཐོག་དོ་ཕོག་ག་ལ་གང་མཚམས་བྱས་བྱུང་།

ཐོག་མ་གཟའ་པ་སངས་སྔ་དྲོ་གུས་རང་རྒྱ་གར་ནས་ཨ་རིར་ཕྱིར་ལོག་བྱེད་པ་ཡིན་པས་ནིའུ་ཡོག་ཏུ་འབྱོར་དུས་དེ་ནས་ཌི་སི་རུ་གནམ་གྲུ་ཕུར་མཚམས་བཞག་འདུག དེ་ནི་དེ་ཉིན་རྒྱབ་ཀྱི་གངས་བབ་རྒྱུའི་ཉན་ཁ་མཐོང་ནས་ཌི་སི་ཁུལ་གྱི་གནམ་ཐང་རྣམས་སྒོ་རྒྱབ་པའི་རྐྱེན་རེད་འདུག གནམ་གྲུའི་ལས་བྱེད་ནས་མགྲོན་ཁང་གྲ་སྒྲིག་མ་གཏོགས་ཐབས་ལམ་གཞན་སྟོན་གྱི་མིན་འདུག་པས་མགྲོན་ཁང་ནང་བསྡོད་པ་ཡིན་ན་ཉིན་མ་འགའ་ཞིག་ནིའུ་ཡོག་ཏུ་ལྷག་རྒྱུ་ཡིན་པ་ངེས་འདུག འོན་ཀྱང་ནིའུ་ཡོག་ནས་ཌི་སི་དབར་རི་ལི་བསྐྱོད་རྒྱུ་མཚམས་བཞག་མིན་འདུག་པས་རི་ལི་ནང་འགྲོ་རྒྱུ་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་གནམ་གྲུ་ནང་བསྐྱོད་རོགས་བོད་མི་གཞན་ཞིག་ཡོད་པས་ཁོང་གི་ངོ་ཤེས་ཤིག་ནས་ཁོང་བསུ་བར་གནམ་ཐང་དུ་འབྱོར་འདུག ཁོང་ནས་གུས་རང་ནིའུ་ཡོག་གི་རི་ལི་བབས་ཚུགས་སུ་སྣུམ་འཁོར་ནང་རྐྱེལ་གནང་བྱུང་། རི་ལི་བརྒྱུད་ཌི་སི་རུ་འབྱོར་ཙམ་བྱུང་།

གཟའ་པ་སངས་ཕྱི་དྲོ་ནས་གངས་བབ་རྒྱུ་འགོ་གཙུགས་སོང་།

གཟའ་སྤེན་པ་དང་ཉིན་མའི་གུང་གསེང་དང་ངལ་གསོ་རྗེས་གཟའ་ཟླ་བར་ལས་ཁུངས་སུ་འགྲོ་འཆར་བྱས་རུང་གངས་རྐྱེན་ས་འོག་རི་ལི་དང་མོ་ཊ་ལ་སོགས་འགྲོ་ས་མི་འདུག་པས་ལས་ཁུངས་སུ་བསྐྱོད་མ་ཐུབ། དེ་ནས་ད་ཉིན་བར་ཉིན་ལྟར་ལས་ཁུངས་སུ་འགྲོ་ཐུབ་ན་བསམ་ཀྱང་ཁ་སང་ཁྱུག་ཙམ་འགྲོ་ཐུབ་སོང་། དེ་མིན་གནས་སྟངས་རྐྱེན་པས་ཨ་རི་དབུས་གཞུང་གི་ལས་ཁུངས་ཁག་ཉིན་ལྟར་སྒོ་རྒྱབ་རང་བསྡད་སོང་། ང་ཚོའི་ལས་ཁུངས་ཀྱི་སྒྲིག་གཞིའི་ནང་གལ་ཏེ་གནམ་གཤིས་ལ་སོགས་རྐྱེན་ཨ་རི་དབུས་གཞུང་གི་ལས་ཁུངས་ཁག་སྒོ་རྒྱབ་ན་ང་ཚོས་ཀྱང་དེ་ལྟར་བྱེད་རྒྱུ་དེ་གསལ་ཡོད་།

ད་ཆ་ལས་ཁུངས་མེད་ནས་ཉིན་མ་གསུམ་ཕྱིན་སོང་། སང་ཉིན་གཟའ་ཕུར་བུ་ལའང་ཨ་རི་དབུས་གཞུང་གི་ལས་ཁུངས་ཁག་སྒོ་རྒྱབ་རྒྱུའི་གསལ་བསྒྲགས་བྱས་སོང་།

ད་ལྟ་གནས་སྟངས་དེ་འདྲའི་འོག་ཟིན་བྲིས་འདི་བཀོད་བཞིན་ཡོད་། གུས་པས་ཊིཝི་ཊར་ཐོག་བརྩེད་མོ་དང་སྒྲགས་འདི་ལྟར་བརྗོད་པ་ཡིན། གངས་ཀྱིས་ཨ་རི་གཞུང་སྒོ་རྒྱབ་དགོས་ཡག་བཟོ་ཐུབ་ཀྱི་ཡོད་ན་རྒྱལ་ཁབ་འདིའི་ཁ་གཏད་ཚོས་གོ་མཚོན་བཟོ་རྒྱུར་འགྲོ་སོང་མང་པོ་བཏང་བ་ལས་གངས་འབབ་རྒྱུའི་འཁྲུལ་ཆ་བཟོ་ན་འགྲོ་སོང་ཆུང་བ་ཡོད་ས་རེད་བཤད་པ་ཡིན།

གང་ལྟར་གངས་དེས་རྒྱལ་སྤྱིའི་གནས་ཚུལ་གསར་པ་ཞིག་བཟོས་པ་དང་མི་ཕན་ཚུན་སྐད་ཆ་བཤོད་རྒྱུའི་བརྗོད་གཞི་གསར་པ་ཞིག་ཀྱང་བྱུང་སོང་།

ད་ཆ་གཟའ་པ་སངས་སུ་ལས་ཁུངས་སུ་འགྲོ་ཐུབ་མིན་སྐོར་བསམ་བཞིན་བསྡད་ཡོད་།

རྒྱ་གར་གཞུང་ནས་བོད་ཀྱི་ནང་པའི་རིག་གནས་དང་རྒྱུ་རྩལ་ཆེད་རོགས་དངུལ་གནང་རྒྱུའི་གསལ་བསྒྲཌ་སྐོར་།

ཉིན་ཤས་སྔོན་གུས་རང་རྒྱ་གར་དུ་ཡོད་སྐབས་དབྱིན་ཡིག་ཚགས་པར་ཞིག་ནང་རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གི་བོད་པའི་རིག་གནས་དང་རྒྱུ་རྩལ་གོང་འཕེལ་ལས་འགུལ་ཆེད་རོགས་དངུལ་གནང་རྒྱུའི་གསལ་བསྒྲགས་ཞིག་མཐོང་བྱུང་།
གསལ་བསྒྲགས་དེའི་ནང་རོགས་དངུལ་དེའི་དམིགས་ཡུལ་ནི་ནང་པ་དང་བོད་པའི་དགོན་སྡེ་གཙོས་པའི་དང་བླངས་སྒྲིག་འཛུགས་ཁག་ནས་ནང་པ་དང་བོད་ཀྱི་རིག་གནས་དང་གོམས་སྲོལ་ཚན་རིགས་དང་མཐུན་པའི་ཐོག་ནས་གོང་འཕེལ་དང་ཉམས་ཞིབ་ལས་འགུལ་ཐོག་རྒྱབ་སྐྱོར་གནང་ཆེད་ཡིན་བཀོད་འདུག
རོགས་དངུལ་རག་པ་ལ་སྒྲིག་འཛུགས་དེ་རྒྱ་གར་གཞུང་གི་འབྲེལ་ཡོད་ཁྲིམས་མཐུན་དེབ་སྐྱེལ་བྱེད་དགོས་ཡོད་པ་དང་། འདས་པའི་ལོ་གསུམ་རིང་ནང་པ་དང་བོད་རིག་པའི་ཐོག་ལས་དོན་སྤེལ་བཞིན་པ་དགོས་ཡོད་འདུག
སྒྲིག་འཛུགས་རེར་ལོ་རེར་མང་ཤོས་ལ་རྒྱ་གར་སྒོར་མོ་འབུམ་ལྔ་རག་སྲིད་པ་དང་། སློབ་གྲཱ་དང་དགོན་པའི་སློབ་གསོའི་ལས་དོན་སྤེལ་མཁན་རྒྱ་གར་རྒྱལ་ཡོངས་ཀྱི་ངོ་བོ་ཡོད་པའི་སྒྲིག་འཛུགས་ཡིན་ན་དངུལ་དེ་ལས་མང་བའང་རག་སྲིད་པ་ཡིན་འདུག
རོགས་དངུལ་རག་རྒྱུའི་ལས་རིམ་ཁག་ནི་གཤམ་གསལ་ལྟར་རེད་འདུག
༡༽ཞིབས་འཇུག་ལས་རིམ་ལ་ལོ་རེར་སྒོར་འབུམ་གཅིག
༢༽ལོ་རྒྱུས་དང་རིག་གནས་ཐོག་གལ་ཆེ་བའི་དགོན་སྡེ་སོགས་ཉམས་གསོའི་ཆེད་ལོ་རེར་༡༥༠༠༠༠
༣༽སློབ་ཡོན་སོགས་དམིགས་གསལ་སློབ་མཚན་ཆེད་ལོ་རེར་༡༢༥༠༠༠
༤༽དེབ་སོགས་ཉོ་ཆེད་ལོ་རེར་སྒོར་༡༢༥༠༠༠
༥༽སྡོད་ཁང་རྒྱབ་ཆེད་ལོ་རེར་སྒོར་༥༠༠༠༠༠གནང་སྲིད་།
༦༽དགོན་པའི་ནང་སློབ་གྲཱའི་དགེ་རྒན་གྱི་གསོལ་ཕོག་ཆེད་ལོ་རེར་སྒོར་༧༠༠༠༠༠
བཅས་རེད་འདུག
རོགས་དངུལ་ཞུ་འདོད་ཡོད་མཁན་ཚོས་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་དུ་སྙན་ཞུ་ཐད་ཀར་འབུལ་དགོས་པ་དང་། སྙན་ཞུའི་ངོ་ཤུས་ཞིག་འབྲེལ་ཡོད་མངའ་སྡེ་གཞུང་དུ་རྒྱབ་གཉེར་ཡོང་ཆེད་འབུལ་དགོས་འདུག སྙན་ཞུའི་མཉམ་སྒྲིག་འཛུགས་ཀྱི་སྒྲིག་གཞི་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མའི་སྐོར་། དེ་བཞིན་རྩིས་ཞིབ་སྙན་ཐོ་གསར་ཤོས་དང་། འཆར་གཞིའི་འགྲེལ་བརྗོད་སོགས་དགོས་འདུག
སྙན་ཞུའི་འགེངས་ཤོག་དང་རོགས་དངུལ་དེའི་ཞིབས་ཁྲའི་འགྲེལ་བཤད་སོགས་རྒྱ་གར་རིག་གཞུང་ལྷན་ཁང་གི་དྲ་ཚིགས་འདི་ཐོག་གཟིགས་རྒྱུ་འདུག

རྒྱ་གར་གཞུང་ནས་བོད་ཀྱི་ནང་པའི་རིག་གནས་དང་རྒྱུ་རྩལ་ཆེད་རོགས་དངུལ་གནང་རྒྱུའི་གསལ་བསྒྲཌཉིན་ཤས་སྔོན་གུས་རང་རྒྱ་གར་དུ་ཡོད་སྐབས་དབྱིན་ཡིག་ཚགས་པར་ཞིག་ནང་རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གི་བོད་པའི་རིག་གནས་དང་རྒྱུ་རྩལ་གོང་འཕེལ་ལས་འགུལ་ཆེད་རོགས་དངུལ་གནང་རྒྱུའི་གསལ་བསྒྲགས་ཞིག་མཐོང་བྱུང་། གསལ་བསྒྲགས་དེའི་ནང་རོགས་དངུལ་དེའི་དམིགས་ཡུལ་ནི་ནང་པ་དང་བོད་པའི་དགོན་སྡེ་གཙོས་པའི་དང་བླངས་སྒྲིག་འཛུགས་ཁག་ནས་ནང་པ་དང་བོད་ཀྱི་རིག་གནས་དང་གོམས་སྲོལ་ཚན་རིགས་དང་མཐུན་པའི་ཐོག་ནས་གོང་འཕེལ་དང་ཉམས་ཞིབ་ལས་འགུལ་ཐོག་རྒྱབ་སྐྱོར་གནང་ཆེད་ཡིན་བཀོད་འདུགརོགས་དངུལ་རག་པ་ལ་སྒྲིག་འཛུགས་དེ་རྒྱ་གར་གཞུང་གི་འབྲེལ་ཡོད་ཁྲིམས་མཐུན་དེབ་སྐྱེལ་བྱེད་དགོས་ཡོད་པ་དང་། འདས་པའི་ལོ་གསུམ་རིང་ནང་པ་དང་བོད་རིག་པའི་ཐོག་ལས་དོན་སྤེལ་བཞིན་པ་དགོས་ཡོད་འདུགསྒྲིག་འཛུགས་རེར་ལོ་རེར་མང་ཤོས་ལ་རྒྱ་གར་སྒོར་མོ་འབུམ་ལྔ་རག་སྲིད་པ་དང་། སློབ་གྲཱ་དང་དགོན་པའི་སློབ་གསོའི་ལས་དོན་སྤེལ་མཁན་རྒྱ་གར་རྒྱལ་ཡོངས་ཀྱི་ངོ་བོ་ཡོད་པའི་སྒྲིག་འཛུགས་ཡིན་ན་དངུལ་དེ་ལས་མང་བའང་རག་སྲིད་པ་ཡིན་འདུག
རོགས་དངུལ་རག་རྒྱུའི་ལས་རིམ་ཁག་ནི་གཤམ་གསལ་ལྟར་རེད་འདུག༡༽ཞིབས་འཇུག་ལས་རིམ་ལ་ལོ་རེར་སྒོར་འབུམ་གཅིག༢༽ལོ་རྒྱུས་དང་རིག་གནས་ཐོག་གལ་ཆེ་བའི་དགོན་སྡེ་སོགས་ཉམས་གསོའི་ཆེད་ལོ་རེར་༡༥༠༠༠༠༣༽སློབ་ཡོན་སོགས་དམིགས་གསལ་སློབ་མཚན་ཆེད་ལོ་རེར་༡༢༥༠༠༠༤༽དེབ་སོགས་ཉོ་ཆེད་ལོ་རེར་སྒོར་༡༢༥༠༠༠༥༽སྡོད་ཁང་རྒྱབ་ཆེད་ལོ་རེར་སྒོར་༥༠༠༠༠༠གནང་སྲིད་།༦༽དགོན་པའི་ནང་སློབ་གྲཱའི་དགེ་རྒན་གྱི་གསོལ་ཕོག་ཆེད་ལོ་རེར་སྒོར་༧༠༠༠༠༠བཅས་རེད་འདུགརོགས་དངུལ་ཞུ་འདོད་ཡོད་མཁན་ཚོས་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་དུ་སྙན་ཞུ་ཐད་ཀར་འབུལ་དགོས་པ་དང་། སྙན་ཞུའི་ངོ་ཤུས་ཞིག་འབྲེལ་ཡོད་མངའ་སྡེ་གཞུང་དུ་རྒྱབ་གཉེར་ཡོང་ཆེད་འབུལ་དགོས་འདུག སྙན་ཞུའི་མཉམ་སྒྲིག་འཛུགས་ཀྱི་སྒྲིག་གཞི་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མའི་སྐོར་། དེ་བཞིན་རྩིས་ཞིབ་སྙན་ཐོ་གསར་ཤོས་དང་། འཆར་གཞིའི་འགྲེལ་བརྗོད་སོགས་དགོས་འདུག སྙན་ཞུའི་འགེངས་ཤོག་དང་རོགས་དངུལ་དེའི་ཞིབས་ཁྲའི་འགྲེལ་བཤད་སོགས་རྒྱ་གར་རིག་གཞུང་ལྷན་ཁང་གི་དྲ་ཚིགས་འདི་ཐོག་གཟིགས་རྒྱུ་འདུག