ལེགས་མཆོག་དང་བྱམས་པ་ཕུན་ཚོགས་ལགས་བརྗེ་པོ་རྒྱབ་པའི་གནས་ཚུལ་ལ་ཡུད་ཙམ་དཔྱད་པ།

ཟླ་༡ཚེས་༡༢ཉིན་རྒྱ་ནག་གི་གསལ་བསྒྲགས་ཞིག་ནང་བོད་རང་སྐྱོང་ལྗོངས་ཀྱི་བོད་པ་ཡིན་པའི་འགོ་ཁྲིད་གཉིས་བརྗེ་པོ་རྒྱབ་ཀྱི་ཡོད་པ་དང་། ཁོང་གཉིས་ནི་ས་གནས་མི་མིང་འཐུས་ཚོགས་ཀྱི་ཚོགས་གཙོ་ལེགས་མཆོག་ལགས་དང་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་འགོ་ཁྲིད་བྱམས་པ་ཕུན་ཚོགས་ལགས་ཡིན། ཁོང་གཉིས་དང་ཆ་མདོ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་བཅས་ནི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་བོད་པའི་ལས་བྱེད་ཡིན་པས་ད་རེས་ཀྱི་གནས་ཚུལ་དེ་ནས་གོ་བ་ལེན་རྒྱུ་ག་རེ་ཡོད་དམ། དེ་ཐོག་འགྲེལ་བརྗོད་མ་བྱེད་གོང་ལེགས་མཆོག་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ནི་ཟླ་༡་ཚེས་༧ ཉིན་ཁོང་ནས་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པའི་གོ་གནས་ནས་དགོངས་པ་ཞུས་པ་དང་ཚབ་ཏུ་པད་མ་འཕྲིན་ལས་ལགས་གནས་པར་བྱས་འདུག

དེ་ལ་ལེགས་པའི་ཆ་ནས་བལྟ་ཚུལ་གཅིག་དང་ཞན་པའི་ཆ་ནས་བལྟ་ཚུལ་བྱེད་ཐུབ་བསམ། ལེགས་པའི་ཆ་ནས་བལྟ་བར་ཆ་བཞག་ན་ལེགས་མཆོག་དང་བྱམས་པ་ཕུན་ཚོགས་གཉིས་ཀྱི་འཕོ་གྱུར་གྱི་གནས་ཚུལ་དེ་ནི་ཟླ་༡ ཚེས་༨ ཉིན་འཚོགས་པའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ཅུས་ཀྱི་བོད་ཐོག་ཚོགས་འདུ་དང་འབྲེལ་བ་ཡོད་དགོས། མཐོ་རིམ་གྱི་ཚོགས་འདུ་དེ་ལྟ་བུ་བོད་སྐོར་ཚོགས་པ་དེས་རྒྱ་ནག་འགོ་ཁྲིད་ཚོས་བོད་ཐོག་བལྟ་ཕྱོགས་ལ་སྐྱར་ཞིབ་བྱེད་ཀྱི་ཡོད་པ་མཚོན་དགོས། ཚོགས་འདུ་དེའི་གནས་ཚུལ་ཆ་ཚང་བ་ཕྱིར་བསྒྲགས་བྱེད་མེད་ཀྱང་གང་དོན་པ་དེ་ནས་ཧ་གོ་ཡག་གཅིག་ལ་བོད་ཀྱི་འཛུགས་སྐྲུན་ཆེད་བོད་ཀྱི་ཁྱད་ཆོད་ལ་སམས་ཞིབ་བྱེད་ཀྱི་ཡིན་ཟེར་བ་ཞིག་འཁོད་འདུག དེ་ནི་ལེགས་བྱར་བརྩིས་འདོད་ཡོད་ན་གཅིག་རེད་།

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནང་ལའང་གནས་ཚུལ་དེ་ལེགས་པ་ཡིན་པ་སྟོན་ཐབས་ཀྱང་བྱེད་འདུག དཔེར་ན་ཟླ་༡ ཚེས་༡༣ ཉིན་དོན་པའི་གནས་ཚུལ་གཅིག་ནང་འཁོད་ཡག་ལ། “པེ་ཅིང་གི་བོད་ལྗོངས་གནད་དོན་སྐོར་གྱི་ཆེད་མཁས་པ་ཅང་ཀྲའོ་ཡུང་གིས་མིང་པའོ་ཚགས་པར་གྱིས་བཅར་འདྲི་གནང་སྐབས་བསྟན་པར། ཐེངས་འདིར་བོད་ལྗོངས་ཀྱི་འགོ་ཁྲིད་བརྗེས་པ་དེས་བོད་ལྗོངས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ཡིན་པ་དེ་མཚོན་ཡོད་པ་རེད།”

ཞན་པའི་ཆ་ནས་བལྟ་ན་ཆབ་སྲིད་ཀྱི་དབང་ཆ་ངོ་མ་ཡོད་མཁན་དང་། ད་བར་བོད་མིའི་ངོས་ནས་མཐོང་ཚུལ་ཆེན་པོ་ཡོད་མཁན་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་གཙོ་འཛིན་ཀྲང་ཅིང་ལིའི་གནསསྟངས་ལ་འགྱུར་བ་གང་ཡང་བྱུང་བའི་གནས་ཚུལ་མིན་འདུག དེས་ག་རེ་མཚོན་སྲིད་ཞུས་ན་བོད་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཁྱད་པར་གང་ཡང་ཡོང་རྒྱུ་མིན་པ་དེ་རེད་།

གང་ཡིན་རུང་གནས་ཚུལ་དོན་པ་ལ་བལྟས་ན། ལེགས་མཆོག་ལགས་ལོའི་བབ་དང་གཞུང་དང་ཚོགས་པ་གཉིས་ཀའི་གོ་གནས་ནས་དགོངས་པ་གནང་བ་དེས་ད་ཆ་ཁོང་ནས་ལས་འགན་གཞན་གང་ཡང་ལེན་རྒྱུ་མེད་པ་རེད་། བྱམས་པ་ཕུན་ཚོགས་ལགས་གཞུང་གི་གོ་གནས་ནས་དགོངས་པ་ཞུས་པ་གསལ་འདུག་ཀྱང་ཚོགས་པའི་གོ་གནས་ནས་དེ་བཞིན་གནང་ཡོད་པ་གསལ་མེད་སྟབས་ཕལ་ཆེར་ལས་འགན་གཞན་ཞིག་ཡོང་སྲིད་། གཅིག་བྱས་ན་དེ་སྔ་ལེགས་མཆོག་ནས་རག་རྡིའི་ས་གནས་མི་མང་མཐུས་ཚོགས་ཀྱི་གོ་གནས་སུ་ཕེབས་པ་ལྟར་། བྱམས་པ་ཕུན་ཚོགས་ད་ཆ་ས་གནས་མི་མང་མཐུས་ཚོགས་ཀྱི་གཙོ་འཛིན་ཆགས་སྲིད་། དེ་བཞིན་པད་མ་འཕྲིན་ལས་ལགས་ད་ལྟའི་གཞུང་གི་གཙོ་འཛིན་གཞོན་པ་ནས་བྱམས་པ་ཕུན་ཚོགས་ལགས་ཀྱི་གོ་གནས་གཙོ་འཛིན་ངོ་མ་ཆགས་སྲིད་བསམ།

Advertisements

བོད་སྐོར་གློག་བརྙན་ “ཉི་མ་སྤྲིན་པའི་འོག་ནས།” དང་འབྲེལ་བའི་གནས་ཚུལ།

ཨ་མེ་རི་ཀའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་འཚོགས་རྒྱུའི་གློག་བརྙན་དུས་སྟོན་ཞིག་ནང་བོད་ཀྱི་དེང་དུས་གནས་སྟངས་དང་འབྲེལ་བའི་གློག་བརྙན་ “ཉི་མ་སྤྲིན་པའི་འོག་ནས། བོ༹ད་མིའི་རང་དབང་གི་འཐབ་བརྩོད་།” ཟེར་བ་ཞིག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག གློག་བརྙན་དེ་ནི་བསྟན་འཛིན་བསོད་ནམས་ལགས་དང་རི་ཊུ་ས་རིན་ལགས་ནས་བཟོ་གནང་ཡོད་པ་དང་། དེ་ནང་༢༠༠༨ ལོར་བོད་ནང་ལས་འགུལ་བྱུང་བ་དང་འབྲེལ་བའི་བཙན་བྱོལ་དུ་ལས་འགུལ་སྤེལ་བའི་སྐོར་འགྲེལ་བརྗོད་ཡོད་འདུག གློག་བརྙན་དེའི་ངོ་སྤྲོད་ཤིག་གཤམ་དུ་ཡོད་པས་གཟིགས་གནང་དང་།

གནས་ཚུལ་དོན་གསལ་ལྟར་ན་བོད་སྐོར་གློག་བརྙན་དེ་སྟོན་འཆར་ཡོད་པའི་རྐྱེན་གྱིས་རྒྱ་ནག་ནས་དུས་སྟོན་དེར་གཟིགས་འབུལ་ཞུ་རྒྱུའི་གློག་བརྙན་གཉིས་ཕྱིར་འཐེན་བྱས་འདུག ངའི་བསམ་པར་གྱོང་དེ་ནི་རྒྱ་ནག་གི་གློག་བརྙན་བཟོ་མཁན་ལ་རག་རྒྱུ་ཡིན། ཁོང་ཚོར་འཛམ་གླིང་གི་དུས་སྟོན་འདི་འདྲ་བར་ག་ཚོད་ལ་གནོན་ཤུགས་སྤྲད་ཐུབ་བམ།

གུ་རུ་རིན་པོ་ཆེ་རྒྱ་ནག་ཧར་པིན་དུ་ཕེབས་པའི་སྐོར་།

ལོ་རྒྱུས་ཐོག་ནས་གུ་རུ་རིན་པོ་ཆེ་བོད་དུ་ཕེབས་པ་དེ་ནི་ཚང་མས་མཁྱེན་གསལ་རེད་། འོན་ཀྱང་ཁོང་རྒྱ་ནག་ཏུ་ཕེབས་པའི་སྐོར་མང་པོས་མཁྱེན་ཡོད་ཀྱི་མ་རེད་། ལས་རོགས་ཞིག་ནས་འདིར་ཡོད་སྐུ་པར་དེ་བཞིན་རྒྱ་ཡིག་དྲ་རྒྱ་ཞིག་ཐོག་གཟིགས་འདུག དེ་ནི་རྒྱ་ནག་བྱང་ཤར་ཞིང་ཆེན་ཧེ་ལོང་ཅང་གི་རྒྱལ་ས་ཧར་པིན་གྱི་གངས་དང་འཁྱག་པའི་དུས་སྟོན་དུ་ཡོད་འདུག འཁྱག་པ་ལས་བཀྲུན་པའི་གུ་རུའི་སྐུ་བརྙན་འདི་ནི་མཐོ་ཚད་མི་ཊར་༢༡ དང་ཞེང་ཚད་མི་ཊར་༡༥་ཡོད་འདུག