ཕྱི་ལོ་གསར་པར་ཕེབས་བསུ་འདི་ལྟར་ཞུས་པ་ཡིན།

རྒྱལ་པོ་ཁྲི་སྲོང་མཛད་རྣམ་འཁྲབ་གཞུང་གི་དེབ་གྱི་མདུན་ཤོག

༢༠༠༩ ལོའི་ཉིན་མཐའ་མར་ཕྱི་ལོ་གསར་པ་ཕེབས་བསུ་བརྟན་འབྲེལ་བཟང་པོའི་ཐོག་ནས་ཞུ་རྒྱུའི་གོ་སྐབས་བྱུང་། ཉིན་ཤས་སྔོན་གྲོགས་པོ་ཞིག་ནས་བོད་གཞུང་ཟློས་གར་ནས་སྟོན་གནང་བའི་ ༸ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་རྣམ་འཁྲབ་གཞུང་བཞུགས་སོ།༸ ཟེར་བའི་དེབ་དང་བརྙན་པར་ཞིག་གནང་བྱུང་། ད་རང་ཞོགས་པ་བརྙན་པར་དེ་སྤྲོ་སྣང་དང་བཅས་པའི་ཐོག་ནས་བལྟ་རྒྱུ་བྱུང་།
བརྙན་པར་དེའི་ནང་ཟློས་གར་ཚོགས་མི་ཟུར་པ་དང་དེང་སང་གི་ཚོགས་མི་ཁག་གཅིག་འཁྲབ་གནང་གི་འདུག དེ་བལྟ་སྐབས་གུས་རང་འབྲིང་རིམ་སློབ་གྲའི་དུས་སྐབས་དྲན་གསོ་ཡག་པོ་ཐེབས་སོང་། དེ་གང་ཡིན་ཞུས་ན་བརྙན་པར་འདི་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་ཡོད་པའི་མཉམ་དེ་སྔ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགའ་མོས་ཆེན་པོ་བྱས་པའི་གཞས་སྣ་ཁག་མང་པོ་ཞིག་འཁྲབ་སྟོན་གནང་གི་འདུག འཁྲབ་ཁྲིད་གནང་མཁན་ནི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་དང་ཟློས་དགེ་ཚུལ་ཁྲིམས་སྒྲོལ་མ་ལགས་རེད་འདུག ཁོང་གཉིས་དང་འབྲེལ་ཡོད་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།
གལ་ཏེ་ཁྱེད་རྣམས་ནས་བརྙན་པར་དེ་གཟིགས་མེད་ན་ཡིན་གཅིག་མིན་གཉིས་གཟིགས་དགོས་ངེས་རེད་འདུག
ཕྱི་ལོ་གསར་པའི་དུས་ཆེན་དུ་ཁྱེད་རྣམས་ཚང་མར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་དང་། ལོ་འདིར་ཚང་མ་སྐུ་གཟུགས་གསལ་ཐང་དང་བྱ་བར་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན།

Advertisements

ཕྱི་ལོ་༢༠༠༩ ནང་གི་གནས་ཚུལ་ལ་ཕྱི་མིག་གཅིག་བལྟ་སྐབས་ཀྱི་བསམ་ཚུལ།

ད་༢༠༠༩ རྫོགས་པ་ལ་ཉིན་མ་གཉིས་ལས་མེད་པ་ཡིན་ན། ལོ་འདིའི་ནང་བོད་དང་འབྲེལ་བའི་གནས་ཚུལ་ཐོག་ཕྱི་མིག་གཅིག་བལྟ་ན་སམས་བྱུང་། ལོ་འདིར་བྱུང་བའི་གནས་ཚུལ་མང་པོ་ཡོད་པ་ནས་གཤམ་གྱི་གནད་དོན་ལ་འགྲེལ་བརྗོད་བྱེད་འདོད་བྱུང་། དེ་ནི་ཕུགས་ཀྱི་བོད་མིའི་ཐོག་བག་ཆགས་ཆེན་པོ་ཡོང་རྒྱུ་རེད་།

༧གོང་ས་མཆོག་ནས་ཁོང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད་ཟེར་བའི་གནས་སྟངས་ལ་འགྱུར་བ་ཕྱིན་པའི་སྐོར་གསར་དགོད་པར་འདི་ལོར་ཐེངས་འགའ་ཞིག་གསུངས་གནང་སོང་། ཟླ་༡༡་ཚེས་ ༢༨ ཉིན་རྒྱ་གར་གྱི་ “ཨེན་གྲི་ཊི་ཝི་” བརྙན་འཕྲིན་ཁང་ནས་བཅར་འདྲི་ཞུས་པའི་བཀའ་ལན་ཞིག་ཏུ་༧གོང་ས་མཆོག་ནས་འདི་ལྟར་གསུངས་འདུག “༢༠༠༡ ནས་ང་ཚོར་འོས་འདེམས་བརྒྱུད་ནས་མགོ་ཁྲིད་ཡོང་བ་ཡིན། དངོས་ཡོད་ལ་ལོ་ ༤༠༠ ཕྱིན་པའི་ཏཱ་ལའི་བླ་མ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པའི་གནས་སྟངས་དེ་ད་ཆ་ཇུག་སྒྲིལ་ཚར་བ་རེད་།”

དེ་བཞིན་ས་ཆ་ཁག་འགའ་ཞིག་ལ་༧གོང་ས་མཆོག་ནས་དེ་འདྲ་བའི་བཀའ་ལན་གསར་འགོད་པར་གནང་བ་གུས་པས་དྲན་གྱི་འདུག

དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་འགྱུར་བ་ཆེན་པོ་ཞིག་རེད་སམས་ཀྱི་འདུག དེའི་གོ་དོན་གཏིང་ཟབ་པོ་ཡིན་པ་བརྗོད་མི་དགོས་ཀྱང་། དེས་རྐྱེན་པའི་བག་ཆགས་གང་ཡོད་མིན་རྐོར་བསམ་བློ་གཏོང་དགོས་འདུག དེ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གནས་སྟངས་དང་ཡང་འབྲེལ་བ་ཆགས་ཡོད་།

ཕྱི་ལོ་གསར་པ་ལ་ལྷན་རྒྱས་ཚང་མ་སྐུ་གཟུགས་བདེ་ཞིང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད་།

བཀའ་ཟུར་ང་ཕོད་དང་ཁོང་གི་རང་རྣམ་སྐོར་།


བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་འདས་གྲོངས་སོང་བ་དེས་བོད་ཀྱི་དེང་རབས་ཀྱི་ལོ་རྒྱུས་ནང་མི་སྣ་གྲགས་ཅན་ཞིག་མེད་པ་ཆགས་པ་རེད་། གུས་རང་༧གོང་ས་མཆོག་གི་སྐུ་ཚབ་ལྷན་བཅར་རྒྱུའི་གོ་སྐབས་བྱུང་བས་༢༠༠༢ ལོར་སྐུ་ཚབ་ཚོས་བཀའ་ཟུར་ང་ཕོད་མཇལ་འཕྲད་ཞུ་སྐབས་སུ་ཡོད་། མཇལ་འཕྲད་དེ་ནི་པེ་ཅིང་དུ་ཁོང་གི་གཟིམ་ཤག་ཏུ་གནང་བ་རེད་། ང་ཚོ་དེར་བཅར་སྐབས་བཀའ་ཟུར་ང་ཕོད་དང་ཁོང་གི་སྲས་མོ་གཅིག་མ་གཏོགས་གཞན་སུ་མིན་འདུག སྐུ་ཚབ་ཚོར་གསོལ་ཇ་འདེགས་འབུལ་སྲས་མོ་དེས་ཞུ་གནང་གི་འདུག
ཁོང་དེ་དུས་ནས་གུང་ལོ་དགུ་བཅུའི་ནང་ཕེབས་ཚར་རུང་བཀའ་མོལ་གནང་རྒྱུར་སྐུ་ངལ་མེད་པ་ལྟ་བུ་འདུག

ཕྱི་ལོ་༡༩༥༩ རྗེས་སུ་བོད་ནང་གི་མི་སྣ་གྲགས་ཅན་ཆེ་ཤོས་གསུམ་འདེམས་གནང་ན་གཅིག་ནི་སྐུ་ཞབས་ང་ཕོད་ཡིན་དགོས་ཀྱི་རེད་། གཞན་གཉིས་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་དང་སྐུ་ཞབས་ཕུན་ཚོགས་དབང་རྒྱལ་རེད་བསམས་ཀྱི་འདུག ཁོང་གསུམ་ནས་བོད་ཀྱི་ལོ་རྒྱུས་ཐོག་དུས་སྐབས་མཉམ་དུ་ཡིན་པ་གང་ཞིག་ལ་རྒྱབ་ལྗོངས་འདྲ་མིན་འོག་ཕེབས་ཡོད་། ཁོང་གསུམ་ཐོག་བོད་མིའི་སྤྱི་ཚོགས་ནང་དུས་སྣ་ཚོགས་ལ་བསམ་ཚུལ་སྣ་ཚོགས་བྱུང་ཡོད་། འོན་ཀྱང་ཀུན་གཟིགས་རིན་པོ་ཆེ་ནས་དུས་དང་རྣམ་པ་ཀུན་དུ་བོད་མིའི་གཞི་རྩའི་ཁེ་ཕན་ཆེད་སྐུ་ངལ་སྐྱོན་གནང་བ་གསལ་པོ་ཆགས་ཡོད་། ལྷག་པར་དུ་དངོས་གསལ་དོད་པོ་དང་ཡིག་ཐོག་ཡོད་པ་ནི་ཁོང་གི་ཡིག་འབྲུ་ཁྲི་བདུན་ཡོད་པའི་བོད་ཐོག་དགོངས་ཚུལ་དང་༡༩༨༠ གྱ་གྲངས་ནང་ཡོང་བསྒྲགས་གསུངས་བཤད་གནང་བ་རྣམས་ནས་ཁོང་གི་དགོངས་པ་བཞེས་ཕྱོགས་གང་འདྲ་ཡིན་པ་སྟན་ཡོད་།
སྐུ་ཞབས་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཀྱང་ཁོང་གི་ཕྱག་དེབ་”བོད་མི་གསར་རྗེ་བ་ཞིག་”དང་། རྒྱ་ནག་དཔོན་རིགས་ཁག་ལ་གནང་བའི་སྙན་ཞུ་ཁག་ནས་དགོངས་ཚུལ་གསལ་པོ་བཟོས་ཡོད་།
གོ་ཡག་ལ་བཀའ་ཟུར་ང་ཕོད་ནས་རང་རྣམ་ཞིག་རྩོམ་གནང་ཡོད་པའི་གནས་ཚུལ་འདུག དེ་ནི་གནས་འགག་ཆགས་ཀྱི་ཡོད་། ད་ཆ་དེབ་དེའི་གནས་སྟངས་ག་རེ་ཡིན་མིན་གསལ་པོ་མིན་འདུག
ཕྱོགས་གཅིག་ནས་དེ་འདྲ་བའི་རང་རྣམ་ནས་ཁོང་གི་དགོངས་ཚུལ་ཤེས་ཐུབ་པ་དང་། དེ་ལས་གནས་འགག་ཆེ་བ་ནི་ལོ་རྒྱུས་ནས་བཀའ་ཟུར་ང་ཕོད་ལ་གང་འདྲ་རྩིས་མིན་ཐད་རང་རྣམ་དེས་བག་ཆགས་བཞག་ཐུབ་ཀྱི་རེད་།
གཅིག་བྱས་ན་བཀའ་ཟུར་ང་ཕོད་ཀྱི་རང་རྣམ་ཐོག་གོ་རྒྱུ་མེད་པ་ནི་རྒྱ་ནག་གཞུང་ནས་དེར་ཞིབས་འཇུག་བྱེད་བཞིན་ཡིན་སྲིད་། གལ་ཏེ་གནས་སྟངས་དེ་འདྲ་ཡིན་ན། ངའི་བསམ་པར་དོ་བདག་ཞིག་གི་རང་རྣམ་དེ་ནི་དོ་བདག་དེ་ག་རང་གི་བཟོ་རྒྱུ་ནི་དྲང་བདེན་གྱི་གནས་ཚུལ་ཡིན་པ་མ་ཟད་མཐའ་མར་དེབ་དེ་པར་འགྲེམས་གནང་རྗེས་ཆ་འཇོག་ཡོང་རྒྱུར་གལ་ཆེན་པོ་ཆགས་ཀྱི་རེད་། དེ་མ་གཏོགས་སྒེར་གྱི་ལོ་རྒྱུས་ཐོག་གཞུང་ནས་ཐེ་བྱུས་གནང་ན་ཕུགས་སུ་གཞུང་དེ་ལ་ཕན་ཐོག་མེད་པ་ཆགས་རྒྱུ་ཡིན་།

མར་ཡུལ་ལ་དྭགས་སྐོར་ཡུད་ཙམ་གླེང་བ།

རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ལ་དྭགས་ཡུལ་ནི་བོད་དང་ས་འབྲེལ་ཡིན་པ་མ་ཟད་ལོ་རྒྱུས་ཐོག་བོད་དང་འབྲེལ་བ་གཏིང་ཟབ་པོ་ཡོད་པ་ཞིག་རེད་། ཡུལ་དེའི་མིང་ཐོག་མ་ནི་མར་ཡུལ་ཟེར་གྱི་ཡོད་འདུག དེ་ཡང་ལ་དགས་པ་མཁས་དབང་བཀྲིས་རབ་རྒྱས་ལགས་ཀྱི་ ༼མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།། ནང་༽མིང་དེ་བཞིན་ཡུལ་དེའི་རི་བརྒྱུད་ཀྱི་མདོག་དམར་པོ་ཡོད་པ་ནས་བྱུང་བ་དང་། དམར་ཡུལ་དེ་ཟུར་ཆག་ནས་མར་ཡུལ་ཆགས་པ་རེད་གསུངས་འདུག

ཁོང་ནས་། “ལོ་ཙ་བ་རིན་ཆེན་བཟང་པོའི་རྣམ་ཐར་ལས་ཀྱང་མར་ཡུལ་དུ་ཉར་གྱི་གཙུག་ལག་ཁང་བཞེངས་ནས་སྤུ་རངས་ཀྱི་མཐོ་ལྡིང་། གུ་གེའི་ཁ་རྩེ་སྒོ་ཁར་དང་མར་ཡུལ་གྱི་གཙུག་ལག་ཁང་གསུམ་ལ་ཉི་མ་གཅིག་ལ་རབ་གནས་གནང་བ་ཡིན་ཞེས་བརྗོད་ཡོད་དོ།”
ང་རང་ལ་དྭགས་སུ་བསྐྱོད་མྱོང་ན་ས་ཆ་དེའི་མདོག་ད་དུང་ཡང་དམར་པོ་དངོས་ནས་རེད་འདུག

ལ་དྭགས་
ཟེར་བའི་མིང་དེ་རྗེས་སུ་ཐོབ་པ་ཞིག་ཡིན་པ་དང་དེ་བྱུང་ཚུལ་སྐོར་བཀྲིས་རབ་རྒྱས་ལགས་ནས་ཡུལ་དེ་ “ལ་མང་པོའི་མདུན་ནམ་འདབས་སུ་ཡོད་པ་ན་ལ་དྭགས་
ཟེར།” གསུངས་འདུག ཁོང་ནས་དེ་ཡིན་དགོས་དོན་རྒྱུ་མཚན་དེ་དཔེ་ཞིག་བརྒྱུད་སྙིང་རྗེ་པོ་བཀོད་འདུག དེ་ཡང་ཁོང་གིས། “དཔེར་ན། དུས་རྒྱུན་རི་ལ་སྡོད་པ་ན་རི་དྭགས་ཟེར་ཞིང་། ལྟོག་སྐོམ་གཉིས་ཡིད་ལ་བཏགས་ཏེ་གནས་པ་ན་ཡིད་དྭགས་ཞེས་མིང་བཏགས་པ་ཡིན་ནོ།” གསུངས་འདུག

ལ་ དྭགས་
པ་ཚོས་སྐད་བེད་སྥྱོད་གནང་བཞིན་པ་དེ་ནི་བོད་སྐད་བརྡ་རྙིང་པ་ལྟར་ཡིན་པ་དེ་མང་པོས་གསུངས་ཀྱི་འདུག ང་རང་སྐད་ཐོག་མཁས་པ་མིནའང་ལ་ དྭགས་
པ་ཚོས་ཐ་སྙད་འགའ་ཞིག་བེད་སྦྱོད་གནང་སྟངས་དེར་བསམ་བློ་བཏང་རྒྱུ་འདུག་བསམས། ཁོང་ཚོས་ཚིག་གི་དག་ཆ་ཇི་མ་ཇི་བཞིན་སྒྲ་སྟོན་གྱི་ཡོད་པ་ལྟ་བུ་འདུག དཔེར་ན། “བདེ་སྐྱིད་”ལ་ “དེ་སི་ཀྱིད་” དང་། “སྟོབས་ལྡན་”ལ་ “ས་ཏོབ་དན་” ལྟ་བུ་རེད་། འགའ་ཞིག་གིས་བོད་ཀྱི་ཨ་མདོའི་ཁུལ་དུ་དེ་ལྟར་སྒྲ་ཚིག་འབོད་སྲོལ་ཡོད་རེད་གསུངས་ཀྱི་འདུག
ལ་ དྭགས་ཀྱི་བླ་མ་སྐད་གྲགས་ཆེ་བ་རྒྱལ་སྲས་བ་ཀུ་ལ་དམ་པ་དེ་ནི་ཆོས་ཕྱོགས་ཙམ་མིན་སྲིད་ཕྱོགས་སུའང་མཛད་རྗེ་ཆེན་པོ་བཞག་གནང་མཁན་ཞིག་བྱུང་བ་རེད་། ཁོང་ནས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་མི་གནང་བ་དང་། སོག་པོའི་ཡུལ་དུ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ལོ་མང་གནང་བ་རེད་།

འབྲུག་གི་གསར་འགྱུར་གཅིག་མཐོང་རྗེས་བསམ་བློར་འཁོར་བའི་གནས་ཚུལ།

འབྲུག་གི་དབྱིན་སྐད་གསར་ཤོག་"སྦུ་ཊན་ཨོ་ཛར་ཝར་"ཀྱི་ཁ་བྱང་།

ང་རང་འབྲུག་གི་གནད་དོན་ལ་དོ་སྣང་བྱེད་རྒྱུ་དགའ་པོ་ཡོད་་པས་ཡུལ་དེ་སྐོར་གནས་ཚུལ་གང་ཡོད་ཀློག་ཐབས་བྱེད་ཀྱི་ཡོད་། དེ་གང་ཡིན་ཟེར་ན་འབྲུག་གི་སྤྱི་ཚོགས་ཀྱི་གནས་སྟངས་དེ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འདྲ་པོ་ཡོད་པས་ང་ཚོ་ཕན་ཚུན་བསླབ་བྱ་ལེན་རྒྱུ་ཡོད་།

ཟླ་བ་འདིའི་ཚེས་༡༡ ཉིན་གྱི་འབྲུག་གི་རང་དབང་ཅན་གྱི་དབྱིན་ཡིག་ཚགས་པར་”སྦུ་ཊན་ཨོབ་ཛར་ཝར་”ཞེས་པའི་ནང་གནས་ཚུལ་མགོ་བརྗོད་”རྫོང་ཁ་གོང་སྤེལ་་གཏོང་བའི་རིན་གོང་།”ཟེར་བ་ཞིག་འདུག དེའི་ནང་དོན་ནི་ད་ཡོད་འབྲུག་གི་ཁྲིམས་ནང་གསར་ཤོག་པར་བཀྲུན་གནང་མཁན་ཚང་མས་སྐད་གཞན་ནང་འདོན་འཆར་ཡོད་ནའང་འབྲུག་སྐད་རྫོང་ཁའི་ནང་ལའང་གསར་ཤོག་རེ་སྟོན་དགོས་ཡོད་། ཁྲིམས་དེ་གཞི་ཟུང་”སྦུ་ཊན་ཨོབ་ཛར་ཝར་”ནས་”འབྲུག་གི་གནས་ལུགས་”ཟེར་བའི་རྫོང་ཁའི་ནང་ཤོག་གྲངས་བཅུ་ཡིན་པའི་ཚགས་པར་ཞིག་སྟོན་གནང་གི་ཡོད་འདུག

ད་ཆ་ཚགས་པར་དེ་ཞིན་ཤོག་གྲངས་དྲུག་ཉུང་དུ་བཏང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག དེའི་རྒྱུ་མཚན་ནི་རྫོང་ཁའི་གསར་ཤོག་ལ་དོ་སྣང་བྱེད་མཁན་དཀོན་པའི་རྐྱེན་གྱིས་”འབྲུག་གི་གནས་ལུགས་”ནས་ཡོང་འབབ་ལས་འགྲོ་སོང་དེ་མང་བ་ཡིན་པ་དེ་རེད་འདུག འདས་པའི་ལོ་གསུམ་དང་ཕྱེད་ཀའི་ནང་་”སྦུ་ཊན་ཨོབ་ཛར་ཝར་” ནས་”འབྲུག་གི་གནས་ལུགས་” ལ་འགྲོ་སོང་འབྲུག་གི་དངུལ་ཀྲམ་ས་ཡ་བདུན་ལྷག་བཏང་འདུག་པ་དང་དུས་དེའི་རིང་ཡོང་འབབ་ནི་དངུལ་ཀྲམ་ས་ཡ་གཅིག་ལྷག་ཙམ་ལས་བྱུང་མིན་འདུག

ཡོང་འབབ་མེད་ནའང་འབྲུག་གི་ཁྲིམས་ལྟར་རྫོང་ཁའི་ཐོག་གསར་ཤོག་སྟོན་དགོས་སྟབས་”འབྲུག་གི་གནས་ལུགས་”ཀྱི་ཤོག་གྲངས་ཉུང་དུ་བཏང་བའི་ཐབས་ཤེས་ལས་རག་མིན་འདུག

གནས་ཚུལ་དེ་མཐོང་བ་དང་ངའི་བསམ་པར་ང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་སྤྱིར་གཞོན་སྐྱེས་ཚོས་བོད་སྐད་ལས་དབྱིན་སྐད་གསར་ཤོག་སོགས་ཀློག་འདོད་མང་བ་གནང་གི་ཡོད་རུང་། བོད་ཡིག་ཐོག་ཡོད་པའི་གསར་ཤོག་ཁག་ལ་དོ་སྣང་བྱེད་མཁན་མི་ཉུང་བ་ཞིག་ཡོད་པའི་འཚོར་བ་གུས་པར་ཡོད་། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཙམ་ལས་མེད་རུང་རྒྱུན་དུ་འདོན་པའི་བོད་སྐད་ཐོག་གསར་ཤོག་གསུམ་དང་དེ་མིན་དུས་དེབ་མང་དག་གཅིག་ཡོད་། དེ་བཞིན་བོད་ཡིག་ཐོག་དྲ་ཚིགས་མི་ཉུང་བ་དང་ཟིན་བྲིས་དེ་ལས་མང་བ་ཡོད་པ་ནི་དགའ་བའི་རང་བཞིན་རེད་། འོན་ཀྱང་”འབྲུག་གི་གནས་ལུགས་”ཀྱི་གནས་སྟངས་ལ་དགོངས་པ་བཞེས་ནས་ད་དུང་བོད་ཡིག་ཐོག་ཤུགས་གང་ཐུབ་རྒྱབ་དགོས་ཡོད་། བོད་ཡིག་དེ་ཆོས་ཀྱི་གནད་དོན་ཐོག་ཐ་རྙད་ཕྱུག་པོ་ཡིན་པ་ཚང་མས་གསུངས་ཀྱི་ཡོད་། ང་ཚོ་ཕྱི་ནང་བོད་མི་ཚོས་བོད་ཡིག་དེ་དུས་རབས་༢༡ པའི་སྤྱི་ཚོགས་ནང་གི་ཉིན་རེའི་ལས་དོན་ནང་མེད་དང་མི་རུང་བ་ཞིག་བཟོ་ཐུབ་པ་ཡིན་ན་ཕུག་བརྟན་པོ་ཆགས་རྒྱུ་ཡིན།

རྒྱ་གར་ནང་མངའ་སྡེ་གསར་པ་ཞིག་གཙུགས་རྒྱུའི་སྐོར་གླེང་བ།

མཚོན་མདོག་དཀར་པོའི་ནང་ཡོད་པ་དེ་ཏེ་ལན་ག་ན་ཡིན་།

ཉིན་མ་གཉིས་༼ཟླ་༡༢ ཚེས་༩ དགོང་མོར་༽གོང་རྒྱ་གར་ནང་སྲིད་བློན་ཆེན་པི་ཆི་ཏམ་སྦ་རན་ནས་རྒྱ་གར་གྲོས་ཚོགས་ནང་གཏམ་བཤད་ཐུང་ངུ་ཞིག་བརྒྱུད་ད་ཡོད་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཨན་རྡ་ར་པར་རྡེ་ཤི་དེ་བགོས་ནས་མངའ་སྡེ་གསར་པ་ཏེ་ལན་ག་ན་ཟེར་བ་ཞིག་ཟུར་དུ་བཟོ་རྒྱུ་ཡིན་པ་གསུངས་འདུག དེ་ནི་ཉེ་བའི་འཆར་རྒྱ་གར་དམངས་གཙོའི་འགྲོ་ལུགས་ནང་ལས་རིམ་གསར་པ་ཞིག་རེད་།

ལོ་རྒྱུས་ནང་ཏེ་ལན་ག་ན་ཟེར་བའི་ས་ཁུལ་དེ་ཡོད་དེ་༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་སྐབས་ས་ཁུལ་དེ་གཙོས་ས་ཆ་ཁྱོན་ཆེ་ཧ་ཡེ་རྡ་ར་སྦ་ཐ་ཞེས་པ་དེ་རྒྱལ་བརྒྱུད་ཞིག་གི་དབང་བསྒྱུར་འོག་ཡོད་པས་རྒྱ་གར་གཞུང་ནས་དྲག་པོའི་ཐོག་༡༩༤༩ ཙམ་ལ་རྩིས་ལེན་ཡོད་། དེ་ནས་ད་བར་ས་ཁུལ་དེ་ཨན་རྡ་ར་པར་རྡེ་ཤི་ཁོངས་སུ་ཡོད་།

ཏེ་ལན་ག་ན་ནི་ཏེ་ལི་གུ་སྐད་རྒྱབ་མིའི་ས་ཁུལ་ཞིག་ཡིན་པས་ཁོང་ཚོས་ལོ་མང་རིང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཐོབ་ཐང་འདྲ་མཉམ་རག་གི་མེད་པའི་རྐྱེན་ལས་འགུལ་ཡང་མང་པོ་སྤེལ་ཡོད་། ཉེ་བའི་འཆར་ཁོང་ཚོའི་འགོ་ཁྲིད་ཞིག་ནས་བཟས་བཅད་ངོ་རྒོལ་གནང་ནས་བཞུགས་པ་རེད་།
རྒྱ་གར་དབུས་གཞུང་ནས་ད་བར་མངའ་སྡེ་གསར་པ་དེ་འདྲ་འཛུགས་འདོད་མེད་པ་ནི་སྐད་རྒྱབ་སྲོལ་ལ་བརྟེན་ནས་ས་ཆ་བགོ་འདོད་མེད་པའི་རྐྱེན་ཡིན་བརྗོད་ཀྱི་ཡོད་རེད་།

ད་ཆ་རྒྱ་གར་དབུས་གཞུང་གི་གསལ་བསྒྲགས་འདི་རྗེས་མངའ་སྡེ་གསར་པ་དེ་མ་ཆགས་གོང་ཆབ་སྲིད་ཀྱི་ལས་དོན་འགའ་ཞིག་སྤེལ་དགོས་ཀྱི་ཡོད་རེད་།

མཁས་དབང་འགའ་ཞིག་ནས་ཏེ་ལན་ག་ནའི་ལས་འགུལ་དེ་ནི་མི་རིགས་ཀྱི་ངོ་བོ་ཐ་དད་ཡིན་པ་ལས་རིག་གཞུང་དང་ས་ཁུལ་དེའི་དཔལ་འབྱོར་གནས་སྟངས་ཐོག་འདོད་པ་མ་ཁེངས་པའི་རྐྱེན་རེད་བརྗོད་འདུག

གློག་གི་ཤེལ་རྡོག་གཅིག་བརྗེས་པ་ལ་བོད་མི་ག་ཚོད་དགོས་ཡོད་དམ།

རྒྱལ་སྤྱིའི་ནང་དགོད་བྲོའི་སྒྲུང་རྣ་མང་ཡོད་པ་ནས་ང་རང་གི་དགའ་ཤོས་རིགས་གཅིག་ནི་གློག་ཤེལ་རྡོག་བརྗེས་ཆེད་མི་ག་ཚོད་དགོས་ཡོད་དམ་ཟེར་བ་དེ་ཡིན། དེའི་ལན་དེ་སྤྱི་ཚོགས་ཀྱི་རིག་གཞུང་ཁོར་ཡུག་དང་མི་རིགས་ལ་སྟུན་ནས་དགོད་ཚར་བོ་བཟོ་རྒྱུ་ཡོད་།  དེའི་ཐོག་དྲ་ཚིགས་འགའ་ཞིག་ཡང་འདུག ཕལ་ཆེར་འཛམ་གླིང་གི་མི་རིགས་ཚང་མའི་སྐོར་བསྟན་ཤིག་འདི་འདྲ་སློང་འདུག དཔེར་ན་རྒྱ་མི་ཐོག་འདི་འདྲ་ཞིག་རེད་།

ཤེལ་རྡོག་བརྗེས་ཆེད་རྒྱ་མི་ག་ཚོད་དགོས་ཡོད་དམ།

དེ་ནི་ཤེས་ཀྱི་མ་རེད་གང་ཡིན་ཟེར་ན་དེའི་ལན་ནི་རྒྱལ་ཁབ་ཀྱི་གསང་བ་རེད་།

ཡང་གཞུང་གི་ལས་བྱེད་པའི་ཐོག་འདི་འདྲ་རེད་།

ཤེལ་རྡོག་བརྗེས་ཆེད་གཞུང་གི་ལས་བྱེད་ག་ཚོད་དགོས་ཡོད་དམ།

ལས་བྱེད་༤༦ དགོས་ཡོད་། གཅིག་གི་བརྗེས་པོ་རྒྱབ་པ་དང་གཞན་༤༥ ནས་དེ་དང་འབྲེལ་བའི་ཆོག་འཆན་ཡིག་ཆ་ཁག་གོ་སྒྲིག་ཞུ་དགོས་ཡོད་།

ང་ཚོ་བོད་མི་ཐོག་ནང་ཆོས་ཆོས་ལུགས་ས་དགེ་བཀའ་རྙིང་གི་ལྟ་བ་དང་འབྲེལ་ནས་བསྟན་ཤིག་འདི་ལྟར་འདུག

གློག་ཤེལ་རྡོག་བརྗེས་པ་ལ་བོད་པ་ནང་པ་ག་ཚོད་དགོས་ཀྱི་ཡོད་དམ།

དགེ་ལུགས་པ་ཡིན་ན་གསུམ་དགོས་ཀྱི་ཡོད་།  གཉིས་ནས་གློག་གི་ངོ་བོའི་ཐོག་རྩོད་པ་རྒྱབ་རྒྱུ་དང་། གསུམ་པ་དེ་ཤེལ་རྡོག་བརྗེས་པོ་རྒྱབ་མཁན།

ས་སྐྱ་པ་ཡིན་ན་གཉིས་དགོས་ཡོད་། གཅིག་ནས་ཤེལ་རྡོག་བརྗེས་རྒྱུའི་ལམ་སྟོན་རྩ་བ་དང་དེའི་འགྲེལ་པ་བྲིས་རྒྱུ་དང་། གཞན་དེ་ཤེལ་རྡོག་བརྗེས་པོ་རྒྱབ་མཁན།

བཀའ་བརྒྱུད་པ་ཡིན་ན་གཅིག་དགོས་ཡོད་། ཡིནའང་ཁོང་ནས་ཤེལ་རྡོག་མ་བརྗེས་གོང་ལོ་འགའ་ཞིག་རིང་བྲག་ཕུག་ནང་སྒོམ་རྒྱབ་ནས་བསྡོད་དགོས་ཡོད་།

རྙིང་མ་པ་ཡིན་ན་གཅིག་དགོས་ཡོད་།  ཡིནའང་ཁོང་ནས་ཐོག་མར་ཤེལ་རྡོག་བརྗེས་རྒྱུའི་ལམ་སྟོན་དཔེ་ཆ་གཏེར་ནས་སྟོན་དགོས་ཡོད་།

ད་ལོའི་ཝ་ཤིང་ཊོན་ཁུལ་གྱི་ཁ་བ་དང་པོ།

ཝ་ཤིང་ཊོན་ཉེ་འགྲམ་ཝར་ཇི་ནི་ཡའི་ས་ཁུལ་ལ་གང་བབ་བཞིན་པ།

གནམ་གཤིས་སྔོན་རྡ་གནང་མཁན་ཚོས་གསུངས་གསལ་ལྟར་ད་རང་ཞོགས་པ་ལར་ལངས་སྐབས་ང་ཚོའི་ས་ཁུལ་གྱི་ཁ་བ་དང་པོ་དེ་བབ་སོང་། ད་ལྟ་ཉིན་གུང་ཡོལ་སོང་སྟེ་ཁ་བ་ཉུང་ཉུང་ཤིག་བབ་བཞིན་རེད་འདུག

གཡས་གཡོན་གྱི་ཤིང་སྡོང་སྟེང་ཁ་བ་དཀར་པོ་བབ་པ་མཐོང་དུས་ཆུང་ངུའི་དུས་སུ་ང་ཚོའི་གཞིས་ཆགས་སུ་ཡེ་ཤུ་ཨ་མ་ལགས་ཞིག་ནས་ཕྲུག་གུ་ཚོར་འཚམས་འདྲིའི་ཤོག་བུ་(Christmas Cards) རྔན་པ་གནང་སྲོལ་ཡོད་པས་དེ་ཚོའི་སྟེང་གི་རི་མོ་ཡིད་ལ་འཁོར་བྱུང་། ང་དང་ལོ་ཚད་འདྲ་བའི་རོགས་པ་ཚོས་ཨ་མ་ལགས་དེའི་སྣུམ་འཁོར་སླེབས་པ་མཐོང་བ་དང་དེའི་རྗེས་སུ་ ༸ཨ་མ་ལགས། ཁི་སི་མི་༸ ཞེས་སྐད་རྒྱབ་བཞིན་བརྒྱུགས་པ་དྲན་གྱི་འདུག

བོད་གཞུང་ཟློས་གར་ལོ་༥༠ འཁོར་བའི་དུས་སྟོན།

བོད་གཞུང་ཟློས་གར་ལོ་༥༠ འཁོར་བའི་དུས་སྟོན་ཞིག་ཟླ་༡༢་ཚེས་༢ ནས་༥ བར་བཞུགས་སྒར་རྡ་རམ་ས་ལ་རུ་སྲུང་བརྩི་གནང་གི་ཡོད་འདུག

སྒྲིག་འཛུགས་འདི་ནི་༡༩༥༩ ལོའི་ཟླ་བ་༨ པར་དབུ་བཙུགས་པ་དང་བཙན་བྱོལ་བོད་མིའི་རིག་གཞུང་གི་སྒྲིག་འཛུགས་ནང་ནས་ཕལ་ཆེར་ཐོག་མ་དེ་ཆགས་ཀྱི་ཡོད་།

དུས་སྟོན་ཚེས་༢ ཉིན་མོར་ལྷ་གཞུང་གཟུགས་ཀྱི་ཉི་མ་གཟིགས་འབུལ་གནང་རྒྱུ་དང་། ཚེས་༣ དགོང་དྲོར་བོད་ཀྱི་རོལ་དབྱངས་མཁས་པ་ཨ་གཅོ་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་གློག་བརྙན་གྱི་གཟིགས་ཕུད་ཕུལ་རྒྱུ་ཡིན་འདུག གློག་བརྙན་དེ་ནི་ཟློས་གར་ཟུར་པ་བསོད་ནམས་བཀྲིས་ལགས་ནས་བཟོ་བསྐྲུན་གནང་འདུག དེ་བཞིན་ནང་མ་སྟོད་གཞས་ཀྱི་མཚན་འཚོགས་གནང་རྒྱུ།་ཚེས་༤ དགོང་དྲོར་རྒྱལ་རབས་མཚན་འཚོགས་གནང་རྒྱུ་། ཚེས་༥ དགོང་དྲོར་དེང་དུས་རིགས་གསར་རོལ་དབྱངས་ཨ་ཀ་མ་རོལ་ཚོགས་སོགས་ཀྱི་་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག