བར་སྐབས་ཞིག་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་དེ་གའི་ཚོགས་འདུ་དེ་བཞིན་བཞུགས་སྒར་ཁུལ་དུ་ཐད་ཀར་བརྙན་འཕྲིན་ཐོག་དང་འཛམ་གླིང་ཡོངས་སུ་དྲ་རྒྱའི་ཐོག་ནས་གཟིགས་རྒྱུ་ཡོད་པ་གནང་ཡོད་། གུས་རང་ཐེངས་འགའ་ཞིག་བཞུགས་སྒར་དུ་བཅར་དུས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་བཞིན་པ་དང་སྟབས་ཁེལ་བས་ཚོགས་འདུ་བརྙན་འཕྲིན་ཐོག་མཐོང་བྱུང་།
འོན་ཀྱང་ཨ་མེ་རི་ཀ་དང་རྒྱ་གར་གཉིས་ཀྱི་དུས་ཚོད་ཁྱད་པར་གྱི་རྐྱེན་བར་སྐབས་ཞིག་གི་ཚོགས་འདུ་མཐོང་ཐུབ་མེད་། གང་ལགས་ཞུས་ན་ཚོགས་འདུ་ཚོགས་སྐབས་འདི་གར་ཚན་མོ་ཡིན་པ་དང་ང་ཚོ་ཞོག་པ་ཡར་ལངས་བའི་དུས་སུ་ཚོགས་འདུ་གྲོལ་བའི་དུས་རེད་།
ད་རང་ཞོག་པ་གུས་ནས་སྔ་ཙམ་ལངས་ནས་ཚོགས་འདུ་དེ་དྲ་རྒྱའི་ཐོག་མཐོང་ཐུབ་སོང་། དེ་སྐབས་བཀའ་བློན་ཁྲི་པ་མཆོག་ནས་སྤྱི་འཐུས་རྣམ་པའི་དྲི་བ་ཞུས་པར་ལན་གནང་བཞིན་རེད་འདུག དེ་རྗེས་བོད་མིའི་ཚོགས་ཆེན་ཞིག་སྐོར་གྲོས་ཆོད་གྲོས་འཆར་ཞིག་ཐོག་བགྲོ་གླེང་གནང་སོང་།
ལས་རིམ་དེ་ཚོའི་ནང་སྤྱི་འཐུས་མི་ཉུང་བ་ཞིག་ནས་མཉམ་ཞུགས་གནང་སོང་བས་མང་པོ་ཞིག་ནས་རྣོ་ངར་ལྡན་པའི་ཐོག་ནས་རང་གི་དགོངས་འཚུལ་སྟོན་གནང་གི་འདུག འགའ་ཞིག་ནས་གཡོ་ཟོལ་མེད་པའི་ཐོག་ནས་བཀའ་བློན་ཁྲི་པ་དང་འཛིན་སྐྱོང་གི་མི་སྣ་ཚོས་རང་གི་མཛད་འགན་ཞེས་ཕྱོགས་ཐོག་སྐྱོན་འཛུགས་གནང་སོང་། ཡང་འགའ་ཞིག་ནས་༧གོང་ས་མཆོག་གི་ཐུགས་དགོངས་དང་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་ལུང་འདྲེ་ནས་སོ་སོའི་དགོངས་འཚུལ་ལ་རམ་འདེགས་ཡོང་བ་གནང་གི་འདུག
གང་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམངས་གཙོ་ཚད་ལྡན་ཡོད་མིན་དང་ཡང་ན་དམངས་གཙོ་ནི་བོད་མིའི་དམིགས་ཡུལ་ཡིན་ནམ་ཡང་ན་དམིགས་ཡུལ་ཞིག་གྲུབ་ཆེད་ཀྱི་ལམ་ཡིན་མིན་སོགས་ཀྱི་རྩོད་པ་དེ་མུ་མཐུད་ནས་གནས་ཀྱི་རེད་། འོན་ཀྱང་ད་ལྟའི་གྲོས་ཚོགས་འགྲོ་སྟངས་དེས་བོད་མིའི་ཁྱད་ཆོས་ལྡན་པའི་དམངས་གཙོའི་འགྲོ་ལུགས་ཞིག་མཚོན་གྱི་འདུག་བསམ་པའི་ཚོར་བ་དེ་གུས་ལ་ཤར་སོང་།