འབྲས་སྤུངས་སྒོ་མང་དང་དགའ་ལྡན་ཤར་རྩེའི་མཁན་པོའི་སྐོར་གླེང་བ།

བོད་ཟླ་༦ ཚེས་༤ དང་༥ ལ་བྱེས་སུ་ཡོད་པའི་འབྲས་སྤུངས་བཀྲིས་སྒོ་མང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ཀྱི་མཁན་པོའི་ཁྲི་འདོན་དེ་གནང་འདུག གདན་་ས་འབྲས་སྤུངས་དང་དགའ་ལྡན་གཉིས་ནི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་ནང་ཡོད་། གུས་པས་དོ་སྣང་བྱུང་བ་ཞིག་ལ་མཁན་པོ་གཅིག་ནི་གུང་ལོ་གཞོན་པ་ཡིན་པ་མ་ཟད་དེང་དུས་དྲ་རྒྱ་ལ་སོགས་པར་མཉམ་བཞུགས་གནང་མཁན་ཞིག་ཡིན་པ་དང་། མཁན་པོ་གཞན་ཞིག་ནི་གུང་ལོ་འགྲེས་ཞིང་བོད་ཕྱི་ནང་གཉིས་ཀྱི་ཉམ་མྱོང་ཡོད་མཁན་ཞིག་རེད་འདུག

འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་ལགས།
འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་ལགས།

འབྲས་སྤུངས་བཀྲིས་སྒོ་མང་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་ལགས་ནི་དྲུག་པ་ཚེས་བཞི་༼ཕྱི་ཟླ་༧ ཚེས་༢༥༽ཉིན་ཁྲི་འདོན་གནང་འདུག་ ཁོང་ནི་གུང་ལོ་༧༠་ཙམ་ལ་ཕེབས་ཡོད་བཞིན་བཙན་བྱོལ་དུ་༡༩༥༩ ལོར་ཕེབས་ནས་ད་ཡོད་སྒོ་མང་གྲྭ་ཚང་ཐོག་མར་དབུ་འཛུགས་མཁན་གྱི་དགེ་འདུན་པ་༦༠ གྲངས་སུ་ཡོད་འདུག ཁོང་ནས་༡༩༨༤ ལོར་དགེ་ཤེས་ལྷ་རམ་པའི་ཡིག་རྒྱུགས་མཐར་སོན་གནང་འདུག

དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་ལགས།
དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་ལགས།

ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་ལགས་ནི་བོད་ཟླ་དྲུག་པའི་ཚེས་༢༦ ཉིན་ཁྲི་འདོན་གནང་འདུག ཁོང་ནི་༡༩༦༦ ལོར་རྒྱ་གར་བྱང་ཕྱོགས་སུ་འཁྲུངས་ཡོད་འདུག་པས་ད་ལྟ་གུང་ལོ་༤༣ མ་ལ་ཕེབས་འདུག  ཁོང་ནི་བཙན་བྱོལ་དུ་འཁྲུངས་པའི་བོད་མིའི་ནང་ནས་གདན་ས་སེ་འབྲས་དགའ་གསུམ་གང་རུང་གི་མཁན་པོར་བསྐོ་ཞག་བྱུང་བ་དང་པོ་དེ་ཡིན་འདུག ཁོང་ནས་ཤར་རྩེར་༡༩༧༩ ལོར་ཆོས་བཞུགས་གནང་ནས་༡༩༩༧ ལོར་དགེ་ཤེས་ལྷ་རམ་པའི་ཡིག་རྒྱུགས་མཐར་སོན་འདུག ཁོང་ཕྱི་རྒྱལ་ཡུལ་གྲུ་མང་པོར་ཕེབས་མྱོང་བ་དང་རྒྱ་སྐད་ཡང་མཁྱེན་གྱི་ཡོད་འདུག ཁོང་ནས་དེང་དུས་འགྲོ་ལུགས་བཞིན་དབྱིན་ཡིག་ཐོག་རང་ཉིད་ཀྱི་དྲ་རྒྱ་ཞིག་དང་ཟིན་བྲིས་ཞིག་ཡང་བཟོས་གནང་འདུག ད་ཆ་མཁན་པོའི་མཚན་གནས་བཞེས་རྗེས་མཁན་རིན་པོ་ཆེར་དུས་ཚོད་དེ་ཙམ་ཡོང་གི་མ་རེད་དེ་དྲ་རྒྱ་དེ་རྣམས་མུ་མཐུད་གནང་ཐུབ་པ་ཡིན་ན་བོད་ནང་བསྟན་ཆོས་བརྒྱུད་ཀྱི་ལོ་རྒྱུས་སུ་གོམ་སྲོལ་གསར་པ་ཞིག་ཡང་ཆགས་ཀྱི་རེད་།

Advertisements

ཕྱི་རྒྱལ་བས་བོད་གཞས་བཏང་མཁན་འདིར་ཚོར་གཟིགས་དང་།

དེང་སང་བོད་ཀྱི་རོལ་དབྱངས་ཀྱི་ལོ་རྒྱུས་སུ་འགྱུར་བ་གསར་པ་ཞིག་ནི་ཕྱི་རྒྱལ་བས་བོད་པའི་གཞས་ཞབ་གྲོར་ཐུགས་སྣང་བྱེད་པ་དེ་རེད་། ངས་འདིར་ཁོང་ཚོ་འགའ་ཞིག་སྐོར་འགྲེལ་བརྗོད་ཞུ་རྒྱུ་ཡིན་།

ཉི་འོང་བ་ཊོ་ཤི་ཀུ་དགའ་དང་བོད་པའི་གཞས་མ་བསྟན་ཆོས་
ཉི་འོང་བ་ཊོ་ཤི་ཀུ་དགའ་དང་བོད་པའི་གཞས་མ་བསྟན་ཆོས་

ལོ་མང་པོའི་སྔོན་གུས་ནས་ཨ་མེ་རི་ཀའི་གྲོང་འཁྱེར་ནིའུ་ཡོག་དུ་ཉི་འོང་མི་རིགས་ཡིན་པ་ཊོ་ཤི་ཀུ་དགའ་ཞུ་མཁན་ཞིག་ནས་དུས་སྟོན་ཞིག་སྲ་སྒྲ་སྙན་ཡག་པོ་བཏང་བ་གོ་བྱུང་། ཉི་འོང་མི་ནི་བོད་མི་འདྲ་པོ་ཡོད་པ་དང་ཊོ་ཤི་ཀུ་དགའ་ནས་གཞས་བཏང་སྐབས་བོད་ཆས་གྱོན་གྱི་འདུག་པ་མང་པོ་ཞིག་ནས་ཁོང་བོད་པ་ཡིན་པ་ངོས་འཛིན་གནང་གི་ཡོད་འདུག འདིར་ཁོང་ནས་གཞས་མ་བསྟན་ཆོས་མཉམ་དུ་སྟོད་གཞས་མཛེས་པའི་ལྷ་མོ་བུ་འཁྲིད་བཏོང་བཞིན་རེད་།

ཨ་མེ་རི་ཀའི་གཞས་མ་ཨ་མ་ལེ་ཡ་དང་བོད་ཀྱི་གཞས་པ་ཡེ་ཤེས་
ཨ་མེ་རི་ཀའི་གཞས་མ་ཨ་མ་ལེ་ཡ་དང་བོད་ཀྱི་གཞས་པ་ཡེ་ཤེས་

དེ་བཞིན་ཉིན་པ་གཅིག་རྒྱལ་ས་ཝ་ཤིང་ཊོན་ཁུལ་དུ་ཡོད་པའི་བོད་མི་ཚོ་ཉེ་འདྲམ་གླིང་ཀ་ཞིག་ནང་སྤྲོ་སྐྱིད་བཏང་བཞིན་སྐབས་ཨ་མེ་རི་ཀའི་བུ་མོ་ཞིག་ཡོང་ནས་ང་ཚོའི་མཉམ་སྒྲ་སྙན་མཉམ་བོད་གཞས་སྙན་པོ་འགའ་ཞིག་བཏང་གནང་སོང་། ཁོང་གི་མཚན་ལ་ཨ་མ་ལི་ཡ་ཡིན་འདུག རྗེས་སུ་ཁོང་བོད་ཀྱི་ས་ཁུལ་མང་པོར་པྱིན་ཡོད་པ་དང་བོད་པའི་གཞས་གཏོང་མཁན་སྐད་གྲགས་ཡོད་པའི་མཉམ་ནང་མ་ཁང་ནང་གཞས་བཏང་རྒྱུ་བྱུང་འདུག་ ཁོང་ནི་་ཨ་མེ་རི་ཀའི་གྲོང་འཁྱེར་ནིའུ་ཡོག་གི་སློབ་གྲ་ཆེན་མོ་ཞིག་དུ་ཡོད་འདུག་པས་ད་ཆ་ཕལ་ཆེར་སློབ་གྲ་ཐོན་ཚར་ཡོད་པ་ཡོད་། འདིར་ཁོང་ནས་ཨ་མདོའི་གཞས་ཨ་ཁུ་པད་མ་བཏང་བཞིན་རེད་།

དབྱིན་ཇིའི་གཞས་མ་ཨ་ན་མོར་ཁོམ་
དབྱིན་ཇིའི་གཞས་མ་ཨ་ན་མོར་ཁོམ་

བར་སྐབས་ཞིག་ནས་དྲ་རྒྱའི་ཐོག་དབྱིན་ཇིའི་མི་རིགས་ཡིན་པ་བུད་མེད་ཨ་ན་མོར་ཁོམ་ཞུ་མཁན་ཞིག་ནས་བོད་གཞས་ལེགས་པོ་གཏོང་བཞིན་ཡོད་པ་མཐོང་བྱུང་། ཁོང་ནི་གཙོ་བོ་རྒྱ་གར་གློག་བརྙན་གྱི་གཞས་ཐོག་ཉམས་ཞིབ་གནང་བཞིན་ཡོད་འདུག འདིར་ཁོང་ནས་བོད་གཞས་མེ་ཏོག་རྨི་ལམ་གཞུང་ལ་ཟེར་བ་ཞིག་གཏོང་བར་གཟིགས་དང་།
བོད་གཞས་ཐོག་དོ་སྣང་བྱེད་མཁན་རྒྱ་གར་དུ་ཡོད་པ་ནི་བརྙན་འཕྲིན་འདི་ཐོག་ནས་ཤེས་ཐུབ་། རྒྱ་གར་པ་ལགས་གཉིས་ནས་གཞས་བཏང་བ་འདི་ཚོ་ནི་ཕྱི་རྒྱལ་དུ་ཡོད་པའི་བོད་པའི་གཞས་པ་སྤེན་པ་ཚེ་རིང་གི་བུ་མོ་རྒྱག་པ་ཟེར་བ་དེ་དང་ཕུར་བུ་རྣམ་རྒྱལ་གྱི་མཉམ་དུ་འགྲོ་ཟེར་བ་དེ་རེད་།
ཡང་བོད་དུ་ཡོད་པའི་གཞས་པ་ཞིག་ནས་རྒྱ་གར་གློག་བརྙན་ནས་གཞས་གཅིག་བཏང་བ་འདིར་གཟིགས་དང་། དེང་སང་རིག་གཞུང་ཕར་བཤུས་ཚུར་བཤུས་རེད་པ་འདྲ་པོ་འདུག་གམ།

རྒྱ་གར་རྡོ་རྗེ་གླིང་གི་གནས་ཚུལ་མཁྱེན་སོང་ངམ།

དེ་སྔ་༡༩༥༩ གོང་བོད་པའི་ཚོང་པ་ཆེ་ཆུང་ཚང་མས་བོད་ཀྱི་ས་འབྲེལ་དུ་ཡོད་པའི་རྒྱ་གར་གྲོང་འཁྱེར་ཀ་ལོན་བུག་དང་རྡོ་རྗེ་གླིང་སྐོར་ཐོས་མ་མྱོང་བ་ཕེལ་ཆེར་མེད་པ་རེད་ཟེར་ན་སྒྲིགས། བོད་པའི་ཚོང་པ་མང་པོ་ས་ཁུལ་དེ་ཚོར་ཕེབས་པ་མ་ཚད་རྒྱ་གར་བ་ཀ་ཡན་༼དག་ཆ་འདི་འདྲ་ཡིན་མིན་མ་ཤེས་༽མང་པོ་བོད་ཀྱི་གྲོ་མོ་དང་ཕག་རི་ལྟ་བུར་གཞིས་ཆགས་ནས་ཚོང་ཁང་ཟིན་མཁན་མི་ཉུང་བ་ཡོད་། ཀ་ཡན་འགའ་ཞིག་ནས་བོད་སྐད་ཆུ་རྒྱུགས་རྒྱུགས་ལྟར་རྒྱབ་ཐུབ། ངའི་ངོ་ཤེས་གཅིག་གི་ཁོང་ཕག་རིར་ཡོད་སྐབས་ཀ་ཡན་དེ་ཚོར་འོ་མ་ཚོང་བར་འགྲོ་མྱོང་གསུངས་མྱོང་བས་ཁོང་ནས་ཐུགས་སྣང་བྱུང་བར་ཁོང་ཚོ་གནམ་གཤིས་གྲང་མོའི་ནང་ཡང་གྱོན་ཆས་སྲབ་པོ་དེ་འདྲ་གྱོན་སྡད་ཀྱི་་ཡོད་འདུག
ད་རེས་རྡོ་རྗེ་གླིང་སྐོར་བཤད་དགོས་དོན་ནི་ས་ཁུལ་དེ་ལ་ཡོད་པའི་གོར་ཁའི་མི་རིགས་ཀྱི་ཚོགས་པ་ཞིག་ནས་ས་ཁུལ་དེ་རིགས་ལ་འཛིན་སྐྱོང་དབང་ཆ་ཐོལ་པ་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་རེད་། ལས་འགུལ་དེའི་ཆ་ཤས་སུ་ཉིན་མ་འགའ་ཞིག་རིང་ཤི་ལི་གུ་རི་ནས་རྡོ་རྗེ་གླིང་དང་སྒང་ཏོག་དང་ཀ་ལོན་བུག་འགྲོ་མཁན་ལམ་ཆེན་དེར་འགྲོ་བསྐྱོད་བཀག་ཡོད་འདུག རྒྱ་གར་ཁུ་ཤི་ལུང་པ་ཡིན་པས་དེ་ཐོག་སྐོར་ཆ་བ་དང་གཞུང་གི་སྡེ་ཚན་གང་རུང་ནས་བྱེད་མ་ཆོག་པ་བཤད་ས་མེད་པ་ལྟ་བུ་རེད་། ད་ལམ་གྱི་ལས་འགུལ་འདིར་རྒྱབ་སྐྱོར་གནང་མཁན་ནི་ས་ཁུལ་དེའི་གྲོས་ཚོགས་མཐུས་མི་ཇ་ས་ཝན་སིང་མཆོག་རེད་འདུག་

བོད་མིའི་བཀའ་བློན་ཁྲི་པ་གང་འདྲ་ཞིག་དགོས་སམ།

བར་སྐབས་ཞིག་ན་བོད་ཕྱི་ལ་གནས་པའི་བོད་མིའི་སྤྱི་ཚོགས་ནང་གླེང་མོལ་གནང་བཞིན་པའི་གནད་དོན་གཅིག་ནི་ཕྱི་ལོ་༢༠༡༡ ལོར་བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་རེད་། བཀའ་བློན་ཁྲི་པ་རྗེས་མ་དེ་སུ་ཡོང་སྲིད་དམ། སུ་འོས་སམ། ད་ལྟའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་མཚན་གནས་དེར་༢༠༠༡ ལོར་ཐོག་མར་འོས་འདེམས་བྱུང་བ་ནས་ཐེངས་གཉིས་བསྟུད་མར་འོས་འདེམས་བྱུང་བ་རེད་། ད་ཆ་བོད་མིའི་དམངས་གཙོའི་འགྲོ་ལུགས་ཀྱི་བཅའ་ཁྲིམས་གཞི་མཚུངས་ཐེངས་གཉིས་བསྟུད་མར་གནང་མཁན་ཞིག་ལ་སྐྱར་དུ་འོས་འདེམས་ཞུ་ཡག་མེད་པ་ཡིན་། མ་ཟད་རིན་པོ་ཆེ་སྐུ་སྒེར་ཐོག་ནས་ཡང་ཡོངས་བསྒྲགས་ཐོག་ནས་བཀའ་བློན་ཁྲི་པ་དེ་ནི་ཁོང་ལས་གཞོན་པ་ཞིག་ལ་བསྐོ་ན་ལེགས་པ་ཡོད་པའི་དགོངས་འཆར་གསུངས་ཡོད་།
དེ་ན་བཀའ་བློན་ཁྲི་པའི་འོས་གཞིར་སུ་འདྲ་ཞིག་སླེབས་ན་ལེགས་པ་ཡོད་དམ། དེ་ཐོག་གུས་པའི་བསམ་ཚུལ་མ་ཞུས་གོང་དབུ་ཁྲིད་དེའི་ལས་འགན་ཐོག་ཡུད་ཙམ་གླེང་ན་བསམ། བཙན་བྱོལ་བོད་གཞུང་ནི་གཞུང་གཞན་སུ་ཞིག་དང་མ་འདྲ་བའི་གནས་སྟངས་འོག་ཡོད་པ་དེའི་བཀའ་བློན་ཁྲི་པའི་ལས་འགན་མདོར་བསྡུས་ན་སྡེ་ཚན་གཉིས་སུ་དབྱེ་ཐུབ། གཅིག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཛིན་སྐྱོངས་དབུ་ཁྲིད་མཁན་དེ་ཡིན་། སྡེ་ཚན་དེ་འོག་བོད་མིའི་སྤྱི་ཚོགས་བདེ་དོན་གནད་དོན་ཁག་ཚུད་ཡོད་། སློབ་གྲ་དང་། རིག་གཞུང་ལྟེ་གནས་། གཞིས་ཆགས་སྒྲིགས་ཚུགས་སོགས་ཀྱི་འཛིན་སྐྱོངས་ཀྱང་དེ་འོག་ཡོད་། གཉིས་པ་དེ་ནི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་ལས་འགན་ཡོད་མཁན་གང་ཟག་དེ་ཡིན་། ལས་འགན་གཉིས་ཕན་ཚུན་འབྲེལ་བ་ཡོད་པ་ཡིན་རུང་ཐ་དད་ཐོག་སྟངས་འཛིན་ཐུབ་རྒྱུ་ཡང་ཡིན་།

དུས་རབས་བདུན་པའི་སྐབས་ཀྱི་བོད་དང་ས་འབྲེལ་གྱི་ས་ཁྲ་
དུས་རབས་བདུན་པའི་སྐབས་ཀྱི་བོད་དང་ས་འབྲེལ་གྱི་ས་ཁྲ་

གནས་སྟངས་དེ་འདྲེའི་འོག་གུས་པའི་བསམ་པར་ད་ཆ་བཀའ་བློན་ཁྲི་པ་དེ་གཙོ་བོ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་ལས་འགན་འཁྱེར་ཐུབ་མཁན་ཞིག་དགོས་ཀྱི་འདུག བཙན་བྱོལ་ནང་གི་འཛིན་སྐྱོངས་ཀྱི་ལས་འགན་རྐྱང་པ་དེ་ནི་མཁས་ལས་པ་ཞིག་བཀའ་བློན་ཁྲི་པའི་འོག་བསྐོ་བཞག་གནང་ན་ཕན་ནུས་ཆེ་བ་དང་དགོས་འཁོ་དང་མཐུན་པ་ཡོང་རྒྱུ་རེད་། དེ་ནི་ཕྲལ་ཕུག་གཉིས་ཀྱི་བོད་མིའི་དམིགས་ཡུལ་དང་འབྲེལ་བ་ཡོད་བཞིན་བཀའ་བློན་ཁྲི་པ་དེའི་ཆ་རྐྱེན་ནི་དབྱེ་བ་གསུམ་དུ་དབྱེ་ཐུབ།
༡༽༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་སྤྱིས་ངོས་འཛིན་ཞུས་པའི་དབུ་ཁྲིད་དང་མགྲིན་ཚབ་པ་དེ་ཡིན། ལྷག་པར་དུ་གངས་ཅན་ལྗོངས་དང་དེའི་ཡུལ་མི་དང་ཁོང་དབར་ལོ་རྒྱུས་དང་ལས་ཀྱི་འབྲེལ་བ་ཡོད་པ་ཡིན་པས་དེ་ནི་བོད་མིའི་ངོ་བོའི་གཞི་རྩ་ཞིག་ཡིན། དེ་ན་༧གོང་ས་མཆོག་གི་ངོ་བོ་དེར་རམ་འདེགས་ཞུ་རྒྱུ་ནི་ཆ་རྐྱེན་དང་པོ་དེ་ཡིན།
༢༽ དེ་འདྲ་བའི་རམ་འདེགས་ཀྱི་འགན་བདག་གིར་གནང་བར་གང་ཟག་དེར་བོད་ནང་དུ་ཡོད་པའི་བོད་མི་ཚོའི་དངོས་ཤུགས་རྒྱུད་གསུམ་གྱི་ངོས་འཛིན་དགོས་པ་ནི་ཆ་རྐྱེན་གཉིས་པ་དེ་ཡིན། ཁོང་ཚོ་ནི་བཙན་བྱོལ་དུ་ཡོད་པའི་བོད་མིའི་གྲངས་འབོར་ལས་མང་བ་དང་བོད་མིའི་ངོ་བོའི་དམངས་གཞི་དེ་ཡིན་པ་བཀའ་བློན་ཁྲི་པ་དེས་བོད་ནང་དུ་ཡོད་པའི་བོད་མིའི་སྐུ་ཚབ་དངོས་སུ་གནང་ཐུབ་མཁན་ཞིག་དགོས་ཡོད་། དེ་བཞིན་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་འབྲེལ་བ་དེ་མི་ཉམ་གོང་འཕེལ་དང་སྲ་བརྟན་གནང་ཐུབ་མཁན་ཞིག་དགོས་ཡོད་།
༣༽ བཀའ་བློན་ཁྲི་པ་དེས་བོད་མིའི་ཆབ་སྲིད་ཀྱི་དམིགས་བསལ་གནས་སྟངས་མཁྱེན་པའི་ཐོག་ནས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གཞུང་དང་སྤྱི་ཚོགས་ནས་མཚན་གནས་དེར་ད་ལྟ་དང་མ་འོངས་པ། དེ་བཞིན་བྱུང་ན་དངོས་དང་དེ་མིན་ཤུགས་རྒྱུད་གཉིས་ཀྱི་ཐོག་ནས་ངོས་འཛིན་ཡོང་ཐུབ་པ་བཟོ་རྒྱུ་དེ་རེད་། ཁོང་ནས་གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་གྱི་ཕྱིའི་དངོས་ཡོད་གནས་ཚུལ་ལ་གཟིགས་ཐུབ་པ་དང་དེ་དང་བསྟུན་ནས་མཛད་བྱུས་གཏན་འབེབས་གནང་ཐུབ་པ་དགོས་ཡོད་།

ཆ་རྐྱེན་དེ་དག་ནི་ཡོང་རྒྱུའི་བཀའ་བློན་ཁྲི་པའི་དགོས་ཁོ་གཙོ་བོ་ཡིན་པ་གུས་པས་ངོས་འཛིན་ཞུས་ཀྱི་ཡོད་། དེ་འདྲ་བའི་ཆ་རྐྱེན་འདོད་བློ་ཁེངས་པ་ཡོད་མཁན་གྱི་གང་ཟག་ད་ལྟའི་འཆར་ཕེལ་ཆེར་མེད་པ་རེད་ཞུས་ན་དངོས་ཡོད་གནས་ཚུལ་དང་མཐུན་གྱི་རེད་བསམ་གྱི་འདུག འོན་ཀྱང་ཆ་རྐྱེན་དེ་ཚོ་ཡོད་པ་བཟོ་རྒྱུའི་གོ་སྐབས་ཡོད་པ་མ་ཟད་དེ་བཞིན་བོད་མིའི་སྤྱི་ཚོགས་ནས་ཟིན་དགོས་པ་རེད་བསམ། དཔེར་ན་ད་ལྟའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་མཚན་གནས་དེར་མ་ཕེབས་གོང་བོད་ནང་གི་སྤྱི་ཚོགས་ནང་ཁོང་གི་མཚན་ཐོས་མྱོང་མཁན་ག་ཚོད་ཡོད་མིན་གུས་པས་ཞུ་མ་ཐུབ་ཀྱང་མང་པོ་ཡོད་ཀྱི་མ་རེད་བསམ། འོན་ཀྱང་ད་ཆ་གུས་པས་གནས་ཚུལ་གོ་ཡག་ལ་བོད་ས་ཁུལ་མང་པོར་ཁོང་གི་མཚན་ཐོས་པ་མ་ཚད་ཁོང་ལ་ཆེ་མཐོང་ཞུ་མཁན་མི་ཉུང་བ་ཡོད་པ་རེད་འདུག
ང་ཚོ་བོད་མིའི་སྤྱི་ཚོགས་ནས་དོན་གནད་འདི་དང་འབྲེལ་བའི་ཐོག་ག་རེ་གནང་དགོས་སམ། འོས་མི་སུ་འདྲ་ཞིག་འདུག་གམ་གཟིགས་རྒྱུ་གལ་ཆེན་པོ་ཡིན་རུང་༼དེ་ཐོག་སྤྱི་ཟུར་ཐུབ་བསྟན་བསམ་གྲུབ་ལགས་ནས་དྲ་རྒྱ་ཞིག་ཀྱང་དབུ་གཙུགས་གནང་ཡོད་༽དེ་ལས་གནས་འགག་ཆེ་བ་ནི་བཀའ་བློན་ཁྲི་པའི་མཛད་འགན་ཐོག་དགོངས་པ་བཞེས་རྒྱུ་དེ་ཡིན། ངའི་བསམ་ཚུལ་ལ་གཏམ་དཔེ་ཞིག་ཡོད་པ་བཞིན་ཇི་ལྟར་ལོང་བ་འགའ་ཞིག་ནས་གླང་པོ་ཆེའི་ངོ་བོ་སོ་སོའི་རག་པའི་དཔྱད་ཞིབ་ཐོག་ནས་འགྲེལ་བརྗོད་གནང་བ་ལྟར་ང་ཚོས་ཀྱང་བཀའ་བློན་ཁྲི་པའི་ངོ་བོར་དེ་ལྟར་བྱས་བཞིན་འདུག བཅའ་ཁྲིམས་ནང་བཀའ་བློན་ཁྲི་པའི་མཛད་འགན་འགྲེལ་བརྗོད་ཡོད་པ་རྣམས་གཙོ་བོ་འཛིན་སྐྱོངས་དང་འབྲེལ་བ་ཡོད་པ་ཡིན་། འོན་ཀྱང་ད་ལྟའི་གནས་སྟངས་དང་མ་འོངས་པའི་གནས་སྟངས་ཐོག་བསམ་བློ་བཏང་སྐབས་ང་ཚོས་བཀའ་བློན་ཁྲི་པའི་ལས་འགན་དེ་ལས་ལྷག་པ་ཡོད་པ་དེ་བསམ་ཤེས་ཐུབ་པ་དགོས་འདུག བཀའ་མོལ་དེ་འདྲའི་རྒྱུད་ང་ཚོས་བཀའ་བློན་ཁྲི་པ་གནང་འདོད་ཡོད་མཁན་ཚང་མས་གནད་དོན་དེ་ཚོར་དགོངས་པ་ཞེས་ཐུབ་པ་བཟོ་རྒྱུ་དེ་རེད་བསམ།

རྒྱ་ནག་གི་དབུ་ཁྲིད་ཀྲའོ་ཙི་ཡང་གི་ལོ་རྒྱུས།

ཀྲའོ་ཙི་ཡང་གི་ཕྱག་དེབ་གི་འདྲ་པར་།
ཀྲའོ་ཙི་ཡང་གི་ཕྱག་དེབ་གི་འདྲ་པར་།

ཉིན་མ་འགའ་ཞིག་རིང་གུས་ནས་དེ་སྔ་རྒྱ་ནག་གི་དབུ་ཁྲིད་ཀྲའོ་ཙི་ཡང་གི་ལོ་རྒྱུས་དབྱིན་ཡིག་དུ་”རྒྱལ་ཁབ་ཀྱི་བཙོན་པ་”ཟེར་བ་དེ་བཀླགས་པ་ཡིན། དེབ་དེ་ནི་ཀྲའོ་ཙི་ཡང་སྐུ་ཉིད་ནས་ལོ་མང་རིང་ཟང་བཙོན་དུ་བཞུགས་རྒྱུན་རིང་སྒྲ་འཛིན་འཁོར་ཐག་ཐོག་གསང་བའི་ཐོག་ནས་བཅུག་གནང་བ་རྒྱ་སྐད་ནས་ཕབས་བསྒྱུར་ཞུས་པ་རེད་འདུག
སྒྲ་འཛིན་འཁོར་ཐག་རྣམས་ཕྱིར་གང་འདྲ་བྱས་ནས་སྟོན་ཐུབ་མིན་སྐོར་གང་ཡང་འཁོད་མིན་འདུག ཡང་དེབ་དེའི་ནང་བོད་ཟེར་བའི་ཚིག་དེ་ཡང་མཐོང་རྒྱུ་མིན་འདུག
ཡིནའང་ཁོང་གི་ལོ་རྒྱུས་ཐོག་ནས་ག་རེ་ཤེས་ཐུབ་ཀྱི་འདུག་ཞུས་ན་རྒྱལ་ཁབ་ཞིག་གི་མཐོ་རིམ་མི་སྣ་ཞིག་ཡིན་རུང་ཆབ་སྲིད་ལམ་ལུགས་དང་མི་སྣ་འགའ་ཞིག་གི་རྐྱེན་པས་དཀའ་ངལ་ནང་ལྷུང་གི་ཡོད་པ་དང་། ཡང་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་མ་སྲིད་པ་གང་ཡང་མ་ཡིན་པ་ཡང་དེབ་དེ་ནས་མཐོང་ཐུབ་ཀྱི་འདུག ཁྱད་ཚར་བ་ཞིག་ལ་ཀྲའོ་ཙི་ཡང་ནས་ཧུ་ཡའོ་པང་གི་དགོངས་པ་དང་མཐུན་གྱི་མེད་པ་དེ་ཡང་གསལ་པོ་རེད་འདུག

ཡབ་པ་བསོད་ནམས་སྟོབས་རྒྱལ་ལགས།

ཡབ་པ་བསོད་ནམས་སྟོབས་རྒྱལ་ལགས་ཟླ་བ་དྲུག་པའི་ཟླ་དཀྱིལ་དུ་དགོངས་པ་རྫོགས་ཡོད་པའི་གནས་ཚུལ་འདུག ཁོང་ནི་༡༩༢༥ ལོར་འབྲས་ལྗོངས་སུ་འཁྲུངས་ཡིན་པ་དང་རྒྱ་གར་གཞུང་གི་ལས་བྱེད་ལོ་མང་རིང་གནང་བཞིན་དེ་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་དུ་ཕྱག་ལས་ཡང་གནང་འདུག ༡༩༥༦ ལོར་༧གོང་ས་མཆོག་རྒྱ་གར་དུ་གནས་གཟིགས་སུ་ཕེབས་སྐབས་གསུང་བསྒྱུར་ཕྱག་རོགས་བཞུ་མཁན་ཡིན་འདུག ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་ཕེབས་རྗེས་ཁོང་ནི་སྐུ་བཅར་ཞབས་ཞུ་བ་ཡིན་ཏེ་དེ་བཞིན་ལོ་ངོ་༡༣ རིང་གནང་འདུག རྒྱ་གར་སྲིད་བློན་ནེ་རུ་མཆོག་ནས་༧གོང་ས་མཆོག་གྲོང་འཁྱེར་མ་སུ་རིར་༡༩༥༩ ལོའི་ཟླ་བ་བཞི་པའི་ཟླ་འཇུག་དུ་མཇལ་བར་ཕེབས་སྐབས་ཁོང་ལྷན་དུ་ཡོད་པའི་བརྙན་འཕྲིན་འདིར་མཇལ་ཐུབ། བརྙན་འཕྲིན་ནང་ཁོང་ནས་སྐུ་ཞབས་ནེ་རུར་མཇལ་དར་འབུལ་རོག་གནང་བཞིན་འདུག ཁོང་མ་གྲོང་གོང་བཞུགས་ཡུལ་ནི་ཨ་མེ་རི་ཀ་ཡིན་བཞིན་ཁོང་ནི་རྫོགས་ཆེན་ཐོག་མཁས་པ་ཡིན་པར་གྲགས་ཞིང་ཀུན་བཟང་བླ་མའི་ཞལ་ལུང་གི་དཔེ་ཆ་དེ་བཞིན་ཁོང་ནས་དབྱིན་སྐད་དུ་བསྒྱུར་ནས་པར་འགྲེམས་གནང་ཡོད་།