བོད་རིག་པའི་མཁས་དབང་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས།

སྐུ་ངོ་རྒྱ་མཚོ་ཚེ་རིང་༧གོང་ས་མཆོག་དང་ལྷན་ སྐུ་པར་འདི་ནི་བོད་ཀྱི་དཔེ་མཛོད་ཁང་གི་དྲ་རྒྱ་ནས་www.tibetanlibrary.org

སྐུ་ངོ་རྒྱ་མཚོ་ཚེ་རིང་༧གོང་ས་མཆོག་དང་ལྷན་ སྐུ་པར་འདི་ནི་བོད་ཀྱི་དཔེ་མཛོད་ཁང་གི་དྲ་རྒྱ་ནས་www.tibetanlibrary.org

རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་་འཛིན་ཟུར་པ་དང་བོད་རིག་པའི་མཁས་དབང་ སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ཉེ་ལམ་ཉིན་ཤས་རིང་སྐུ་གཟུགས་བདེ་མིན་བྱུང་རྗེས་ ཟླ་༦་ཚེ་༢༥་ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་གྲོང་འཁྱེར་མི་ནི་ཡ་པོ་ལི་ སིའི་སྨན་ཁང་ཞིག་ནང་དགོངས་པ་རྫོགས་འདུག ཁོང་ནི་གུང་ལོ་༧༣་ལ་སླེབས་ཡོད་པ་རེད་།
དམ་པ་དེ་ཉིད་༡༩༣༦ ལོར་འབྲས་ལྗོངས་སུ་ཡབ་བློ་བཟང་བླ་མ་དང་ཡུམ་ཉི་མ་སྒྲོལ་མར་འཁྲུངས་པ་དང་ཡུལ་ དེར་སློབ་གྲ་འགྲིམ་རྗེས་གྲོང་ཁྱེར་ཀལ་ཀ་ཏའི་སློབ་གྲ་ཆེན་མོར་མཐོ་རིམ་སློབ་ སྦྱོང་གནང་། ཁོང་ནི་འབྲས་ལྗོངས་ཀྱི་ཆབ་འབངས་དང་རྒྱ་གར་གྱི་མི་སེར་ཡིན་ཞིང་ལོ་འགའ་ཞིག་ རིང་རྒྱ་གར་གཞུང་གི་ལས་བྱེད་གནང་བ་དང་དེ་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་ པའི་རྒྱ་གར་གཞུང་ཚབ་ཁང་དུའང་ཕྱག་ལས་གནང་འདུག ༡༩༦༣ ལོ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཕྱག་ལས་གནང་སྒོ་གཙུགས་་ཞིང་༡༩༩༨ ལོར་རྒས་ཡོལ་དུ་མ་ཕེབས་བར་བོད་གཞུང་གི་ཕྱི་སྲིད་དང་ཆོས་རིག་ལས་ཁུངས་སོགས་ སུ་བཞུགས་པ་དང་། ༡༩༧༢ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ཐོག་མར་འགན་འཛིན་ལས་ཚབ་དང་༡༩༧༤ ལོ་ནས་འགན་ཛིན་ངོ་མའི་འགན་བཞེས་ནས་ཕྱག་ལས་གནང་ཡོད་།
ཁོང་ནས་བོད་ཀྱི་དཔེ་མཛོད་ཁང་དེ་བཞིན་རྒྱལ་སྤྱིའི་ནང་སྙན་གྲགས་ཅན་གྱི་བོད་ རིག་པའི་ལྟེ་གནས་སུ་མངོན་འགྱུར་གནང་བ་དང་བོད་མི་མང་པོ་ཞིག་བོད་རིག་པའི་མཁས་ དབང་ཆགས་རྒྱུའི་གོ་སྐབས་གནང་བ་མཉམ་སྐུལ་མ་དང་རྒྱབ་སྐྱོར་གནང་ཡོད་། དེ་བཞིན་དེང་སྐབས་རྒྱལ་སྤྱིའི་ནང་ཕྱི་རྒྱལ་བོད་རིག་པའི་མཁས་དབང་མང་ཆེ་བ་ བོད་ཀྱི་དཔེ་མཛོད་ཁང་དེའི་ནང་སློབ་སྦྱོང་གནང་མྱོང་མཁན་ཡིན་སྲིད་པ་ཡིན། ཁོང་ནས་བོད་ཀྱི་ནང་ཆོས་དང་སྨན་སོགས་སྐོར་རྩོམ་མང་པོ་འབྲི་ཡོད་པ་དང་དཔེ་ མཛོད་ཁང་དེ་ནས་བོད་ཡིག་དང་དབྱིན་ཡིག་ཐོག་བོད་རིག་པའི་སྐོར་ཕྱག་དཔེ་མང་པོ་ པར་འགྲེམས་གནང་ཡོད་།
དམ་པ་དེའི་ཐུགས་ཀྱི་གཤིས་ཀ་འཇམ་ཞིང་གཏམ་མི་འདོད་མཁན་གྱི་གང་ཟག་སྙེམ་ཆུང་ཞིག་ཡིན་པ་ནི་ཡོང་གྲགས་རེད་།

Advertisements

བོད་པའི་ཟུར་ཟའི་རི་མོ་མཁན་རྣམ་གླིང་བློ་བསྟན་ལགས།

ཉེ་ཆར་འབྲས་ལྗོངས་ཀྱི་་ཚགས་པར་ཞིག་ནང་གཤམ་དུ་ཡོད་པའི་ཟུར་ཟའི་རི་མོ་དེ་མཐོང་བྱུང་།

པ་ལགས་ནས་ཁྲོམ་དུ་ཕྲུ་གུའི་ཆེད་ཟ་མ་ཉོ་བ་ཕྱིན་རུང་འདམ་ག་མང་བས་ཐག་གཅོད་བྱེད་མི་ཐུབ་པ་སྟན་པ།
པ་ལགས་ནས་ཁྲོམ་དུ་ཕྲུ་གུའི་ཆེད་ཟ་མ་ཉོ་བ་ཕྱིན་རུང་འདམ་ག་མང་བས་ཐག་གཅོད་བྱེད་མི་ཐུབ་པ་སྟན་པ།

སྤྱིར་བཏང་དེ་ནི་དེང་གི་སྤྱི་ཚོགས་ནང་གི་གནས་སྟངས་ལ་འགྲེལ་བརྗོད་བྱས་པ་རེད་འདུག་ཀྱང་སྐྱེས་དམན་དེ་བོད་པའི་གྱོན་ཆས་གྱོན་ཡོད་པ་དེ་ནི་ཕྲན་བུའི་ཁྱད་ཚར་པོ་མཐོང་བྱུང་། རི་མོ་འདི་མཐོང་བ་དང་གུས་པར་བོད་པའི་ཟུར་ཟའི་རི་མོ་བ་རྣམ་གླིང་བློ་བསྟན་ལགས་སྐོར་དྲན་གསོ་བྱུང་།  བློ་བསྟན་ལགས་ནི་རྒྱ་གར་དུ་ཁྲུངས་པ་དང་དེང་སུད་སི་རྒྱལ་ཁབ་དུ་བཞུགས་བཞིན་ཡོད་། ཁོང་ནས་ལོ་མང་རིང་ཟུར་ཟའི་རི་མོར་ཐུགས་སྣང་གནང་བ་དང་བོད་ཀྱི་ཕྱིར་ཡོད་པའི་དུས་དེབ་འགའ་ཞིག་ནང་ཁོང་གི་རི་མོ་དེ་ཚོ་པྲ་འགྲེམས་གནང་ཡོད་། ཁོང་གི་རི་མོའི་དཔེ་མཚོན་ཞིག་གཤམ་དུ་ཡོད་།

རྒྱ་ནག་མཉམ་བོད་ཐོག་ཆབ་སྲིད་ཀྱི་ཐག་གཅོད་ཡོང་རྒྱུའི་ཐོག་ལ་ཟུར་ཟའི་རི་མོ་ཞིག
རྒྱ་ནག་མཉམ་བོད་ཐོག་ཆབ་སྲིད་ཀྱི་ཐག་གཅོད་ཡོང་རྒྱུའི་ཐོག་ལ་ཟུར་ཟའི་རི་མོ་ཞིག

པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལ་བྱ་དགའ་རག་པར་དགའ་བསུ་ཞུ།

སྐུ་ཞབས་པད་མ་ཚེ་བརྟན་ལགས་
སྐུ་ཞབས་པད་མ་ཚེ་བརྟན་ལགས་

བོད་པའི་གློག་བརྙན་མཁན་པད་མ་ཚེ་བརྟན་ལགས་སུ་འདི་ལོའི་ཤང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནས་ཁོང་གི་གློག་བརྙན་གསར་པ་”འཚོལ་ཞིབ་”ཟེར་བར་བྱ་དགའ་གནང་འདུག་པས་གུས་པས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། གློག་བརྙན་དེ་ནི་བོད་ཀྱི་ལྷ་མོའི་གཞུང་ཞིག་དང་འབྲེལ་ཏེ་བཟོས་པ་ཞིག་ཡིན་འདུག ཁོང་གི་གློག་བརྙན་གཞན་ལྟར་འདི་ནང་ཡང་ཁྲབ་མཁན་ཚང་མ་སྤྱིར་བཏང་མི་མང་ཁུལ་ནས་ཡིན་འདུག གུས་ནས་ཁོང་གི་གློག་བརྙན་དྲུག་ཡོད་པ་ནས་གཅིག་མ་གཏོག་མཐོང་མ་མྱོང་ཡང་ཁོང་འཇོན་ཐང་ཅན་ཞིག་ཡིན་པ་ནི་གློག་བརྙན་དེ་ནས་ཧ་གོ་ཐུབ་ཀྱི་འདུག

ན་གཞོན་ཟེར་ན་སུ་ཡིན་ནམ།

ཁ་སང་ངོས་ནས་བལ་ཡུལ་དུ་བཞུགས་པའི་ཚེ་རིང་ཆོས་སྒྲོན་ལགས་ཀྱི་གློག་བརྙན་སྐོར་འགྲེལ་བརྗོད་བྱེད་རྒྱུ་བྱུང་། ད་རེས་ཁོང་ནི་བལ་ཡུལ་གྱི་དུས་དེབ་ཞིག་གི་རྩོམ་སྒྲིགས་པ་ཡིན་པ་ཤེས་སོང་བས། དུས་དེབ་དེའི་འདོན་ཐེངས་གསར་ཤོས་ནང་ན་གཞོན་ཟེར་ན་ལོ་ཚད་ག་ཚོས་ཙམ་ལ་ངོས་འཛིན་དགོས་མིན་སྐོར་འཁོད་འདུག དེ་ནི་བལ་ཡུལ་གཞུང་གི་ན་གཞོན་ཐོག་སྲིད་བྱུས་དང་འབྲེལ་བའི་ཐོག་ནས་འགྲེལ་བརྗོད་གནང་བ་ཞིག་རེད་འདུག

དུས་དེབ་དེའི་ནང་རང་ལོ་༤༠ཡིན་པ་ཞིག་ན་གཞོན་ཡིན་པ་ངོས་འཛིན་ཐུབ་བམ་ཟེར་བའི་དྲི་བ་ཞིག་འདུག གང་ཡིན་ཟེར་ན་རྒྱ་ནག་ནང་ན་གཞོན་ལོ་ཚད་ནི་ལོ་༤༠ མན་ཡིན་པ་དང་། མ་ལེ་ཤི་ཡའི་རྒྱལ་ཁབ་ནང་༤༥ མན་ཡིན་པ། ཉི་འོང་རྒྱལ་ཁབ་ནང་ལོ་༢༤ མན་ཡིན་འདུག དེ་འདྲ་སོང་ཐོག་མར་ན་གཞོན་ཚོར་འོས་མཚམས་ཀྱི་སྲིད་བྱུས་གཏན་འབེབས་མ་བྱེད་གོང་ཁོབ་ཚོའི་ལོ་ཚད་ག་ཚོས་ཡིན་མིན་སྐོར་བསམ་ཞིབ་དགོས་པའི་བསྐུལ་མ་རེད་འདུག

ང་ཚོ་བོད་མིའི་བཤད་སྲོལ་ལ་ན་གཞོན་ཟེར་ན་ལོ་གང་བར་རྩིས་སྲོལ་ཡོད་དམ།

དམངས་གཙོ་ཟེར་ན་ག་རེད་ལ་གོ་དགོས་སམ།

ཚེ་རིང་ཆོས་སྒྲོན་ལགས།
ཚེ་རིང་ཆོས་སྒྲོན་ལགས།

ཨ་མེ་རི་ཀའི་ཕྱི་སྲིད་ལྷན་ཁང་ནས་དམངས་ག༷ཙོ་ཟེར་ན་ག་རེ་ཡིན་ཟེར་བའི་བརྗོད་གཞི་ཐོག་འཛམ་གླིང་ཡོངས་ཀྱི་གློག་བརྙན་གྱི་འགྲན་བསྡུར་ཞིག་གོ་སྒྲིགས་གནང་བའི་གྲུབ་འབྲས་དེ་ཚེས་༡༦་ཉིན་གསལ་བསྒྲགས་གནང་འདུག གྲུབ་འབྲས་ཐོབ་མི་གཅིག་ནི་བལ་ཡུལ་དུ་བཞུགས་མཁན་ཚེ་རིང་ཆོས་སྒྲོན་ལགས་ཀྱི་སྐར་མ་གསུམ་ཡིན་པའི་གློག་བརྙན་དེ་རེད་འདུག ཚེ་རིང་ཆོས་སྒྲོན་ལགས་ཀྱི་ལོ་རྒྱུས་མིན་འདུག་ཏེ་བོད་རིགས་གཅིག་ཡིན་པ་རེད་འདུག གློག་བརྙན་དེ་ནི་བལ་ཡུལ་གྱི་སྐད་དང་དབྱིན་སྐད་མཉམ་འབྲེལ་རེད་འདུག དེའི་བརྗོད་གཞི་གཙོ་བོ་ནི་དམངས་གཙོ་ཟེར་ན་མེ་སེར་རེ་རེའི་གནས་སྟངས་ལ་དགོངས་པ་བཞེས་ཐུབ་མཁན་གྱི་སྒྲིགས་འཛུགས་ལ་གོ་དགོས་པ་རེད་།

བྱ་དགའ་ཐོབ་མི་ཚང་མ་འདི་ལོའི་ཟླ་བ་དགུ་པར་ཨ་མེ་རི་ཀར་ཕེབས་ཀྱི་འདུག

ཕྱི་རྒྱལ་བས་བོད་སྐད་ལ་ཐུགས་སྣང་འདི་འདྲ་འདུག

ཕྲན་ནས་ཉེ་ཆར་ཨ་མེ་རི་ཀའི་རྒྱང་སྲིང་བརྙན་འཕྲིན་ཁང་གི་ཀུན་གླེང་ལས་རིམ་འདི་དྲ་རྒྱ་རྒྱུད་མཐོང་བྱུང་། འདི་ནང་ཕ་རིན་སིའི་མི་རིགས་ཡིན་པ་མཁས་དབང་ཞིག་ནས་བོད་སྐད་ཐོག་བོད་ཀྱི་ཡི་གེའི་གནས་སྟངས་ཐོག་བཀའ་མོལ་གནང་བཞིན་པ་དེ་ནི་དངོས་གནས་སེམས་བཤུགས་བསྐྱེད་ཡག་རེད་འདུག སྤྱིར་བཏང་ཕྱི་མི་ཞིག་ནས་བོད་སྐད་རྒྱབ་པར་ཧང་སང་དགོས་པ་ཡོད་མ་རེད་། བོད་མིའི་ནང་ནས་རྒྱ་སྐད་དང་དབྱིན་སྐད་ལྟ་བུ་རྒྱབ་ཐུབ་མཁན་མང་པོ་ཡོད་། འོན་ཀྱང་ཁོང་ནས་བོད་སྐད་ཐོག་དམིགས་གསལ་ཉམས་ཞིབ་གནང་ནས་གསུངས་རྒྱུ་དེ་འདྲ་ཡོད་པ་དེ་ནི་ང་བོད་མི་ཞིག་ཡིན་པའི་ཆ་ནས་རྗེས་སུ་ཡིད་རངས་ཞུ་འདོད་བྱུང་།

བུ་མོ་ང་ཡི་རེ་བ་དེ་འདྲ་ཡིན་ནམ།

ཉེ་ཆར་ཡུ་ཀྲུབ་ཐོག་བོད་གཞས་སེམས་པ་སྐྱོ་པོ་ཞིག་བཞག་འདུག དེ་ནི་སུད་སི་རྒྱལ་ཁབ་ཀྱི་རྫུས་རིག་གྲོང་འཁྱེར་དུ་ཡོད་པའི་བོད་རིགས་ཚོགས་ཆུང་གི་ཚོགས་མི་གཉིས་་ནས་བཏང་འདུག གཞས་ཀྱི་ཚིག་གཤམ་འཁོད་ལྟར་རེད་འདུག་ན་དེ་སྐོར་ཁྱེད་རྣམས་ཀྱི་དགོངས་འཚུལ་ཅི་ཡོད་ན་གསུངས་རོགས་གནང་། གཞས་ཀྱི་ཚིག་དང་གདངས་སུས་རྩོམ་མིན་དང་གཞས་མ་ཚོའི་མཚན་ག་རེ་ཡིན་མིན་ཧ་གོ་མ་སོང་།

བུ་མོ་ང་ཡི་རེ་བ།

ཕྱི་རྒྱལ་སུད་སི་ལ་བསྡད་སྐབས།
སུད་སི་མ་རེད་གསུངས་བྱུང་།
བོད་ལ་གནས་སྐོར་འགྲོ་དུས།
བོད་ཕྲུག་མ་རེད་གསུངས་བྱུང་།

ཚེ་སྔོན་ལས་ཀྱིས་རྐྱེན་པས།
བོད་རིགས་སྤུན་ཟླ་བྲལ་སོང་།
ང་རང་བོད་ལ་འགྲོ་དུས།
སེམས་པ་ཧ་ཅང་སྐྱིད་བྱུང་།

ཕ་ཡུལ་བོད་ལ་སླེབས་ཀྱང་།
བོད་མི་གཞོན་སྐྱེས་ཚོ་ཡིས།
ཕྱི་རྒྱལ་བུ་མོ་གསུངས་བྱུང་།
བོད་རིགས་ཡིན་ཞུས་པས་།
སྤྱན་མིག་འཛུམ་འཛུམ་་གནང་དུས་།
སེམས་པ་ཧ་ཅང་སྐྱོ་བྱུང་།

བུ་མོ་ང་ཡི་རེ་བ།
དེང་དུས་ན་གཞོན་རྣམས་ལ།
རང་གི་ཆོས་དང་རིག་གཞུང་།
སེམས་ལ་བཅང་པ་གནང་དང་།

ཤ་རུས་གཅིག་པའི་བོད་རིགས།
དེ་འདྲ་རང་དང་མ་གནང་།
ང་ལ་ཡིད་ཆེས་གནང་དང་།
ང་ཚོ་བོད་རིགས་ཐོར་ཡང་།
རིག་གཞུང་ནམ་ཡང་བརྗེད་མེད་།
བོད་པའི་ཆོས་དང་རིག་གཞུང་།
ངོམ་དུ་ཆོག་པ་ཡོད་རེད་།

བོད་རིགས་ཡིན་ཞུས་པས།
སྤྱན་མིག་འཛུམ་འཛུམ་་གནང་དུས་།
སེམས་པ་ཧ་ཅང་སྐྱོ་བྱུང།
བུ་མོ་ང་ཡི་རེ་བ།
དེང་དུས་ན་གཞོན་རྣམས་ལ།
རང་གི་ཆོས་དང་རིག་གཞུང་།
སེམས་ལ་བཅང་པ་གནང་དང་།།