Bhuchung Tsering

བོད་མིས་རང་ལུས་མཆོད་མེ་ཕུལ་དགོས་པའི་རྒྱུ་མཚན་ལྟེ་བ་གཅིག་དང་དོན་ཆེན་གཉིས་ཡིན།

In ཆབ་སྲིད།, བོད།, འཛམ་གླིང་། on January 22, 2012 at 7:11 pm

ཟླ་༡ཚེས་༢༠ ཉིན་གུས་པས་ཨ་རིའི་ཝི་ཨོ་ཨེ་བོད་སྐད་ཀྱི་ཀུན་གླེང་བརྙན་འཕྲིན་ལས་རིམ་ཐོག་བར་སྐབས་བོད་ནང་གི་གནས་ཚུལ་ཐོག་གླེང་མོལ་ཞུ་ཆེད་བཅར་བ་ཡིན །
གུས་པས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གནང་དགོས་པའི་པའི་རྒྱུ་མཚན་”ལྟེ་བ་གཅིག་དང་དོན་ཆེན་གཉིས་”ཡོད་རེད་ཞུས་པ་ཡིན།
ལྟེ་བ་གཅིག་ནི་འདས་པའི་ལོ་༦༠ལྷག་རིང་རྒྱ་ནག་ནས་བོད་ས་ཁུལ་ཐོག་དབང་སྒྱུར་བྱས་པ་དང་། དེའི་རིང་གི་སྲིད་བྱུས་ལག་བསྟར་བྱས་པ་དེ་རེད། རྒྱ་ནག་གཞུང་ནས་དབང་སྒྱུར་དེ་ནི་བཅིངས་འགྲོལ་ཡིན་གསུངས་ཀྱི་ཡོད་རུང་དོན་དངོས་ཐོག་བོད་མིར་སྔར་ཡོད་རང་དབང་དེའང་མེད་དུ་འགྱུར་བས་དེ་ནི་བཅིངས་འགྲོལ་དང་མ་མཐུན་པ་ཞིག་ཆགས་ཡོད།
དོན་ཆེན་གཉིས་ཡོད་པ་ནི་དེ་མ་ཐག་པའི་རྒྱུ་མཚན་རེད་ཞུ་ན་སྒྲིག་གང་ཡིན་ཞུ་ན་དེ་རྣམས་ཉེ་བའི་ལོ་འགའ་ཞིག་ནང་དངོས་གསལ་ནས་བྱུང་བ་དེ་ཡིན། དེའི་དོན་ཆེན་དང་པོ་ནི་༢༠༠༨ལོར་བོད་ཡོངས་ཀྱི་མངས་ཚོགས་ནས་སྒེར་ལངས་གནང་བ་དེར་རྒྱ་ནག་གཞུང་ནས་ཡ་ལན་དྲག་པོའི་ཐོག་ནས་གནང་བ་མ་ཟད། བོད་མི་དང་རྒྱ་མི་རིགས་དབར་འགལ་ཟླ་བཟོ་བའི་སྲིད་བྱུས་ལག་ལེན་བསྟར་བ་དེ་ཡིན། བོད་མིའི་སེམས་ནང་རང་ཉིད་ཀྱི་བདེ་སྡུག་ལ་རྒྱ་ནག་གཞུང་ནས་གསན་ཤེས་གནང་གི་མེད་པའི་ཚོར་བ་དེ་ཤུགས་ཆེ་རུ་ཕྱིན་པ་རེད།
དོན་ཆེན་གཉིས་པ་དེ་ནི་བོད་མིར་རང་གི་ཆོས་དང་། རིག་གཞུང་། ཉིན་རེའི་བྱེད་སྒོ་ལ་སོགས་པའང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཉིན་རེ་ནས་ཉིན་རེ་ཉུང་དུ་ཕྱིན་ནས་ད་ཆ་མེད་པ་ལྟ་བུ་ཆགས་པའི་ཁོར་ཡུག་དེ་རེད། དེ་རྐྱེན་རྒྱ་ནག་གཞུང་གིས་བོད་མིའི་བྱ་སྤྱོད་ཐ་དག་”ཆབ་སྲིད་”ཡིན་པར་ངོས་འཛིན་བྱས་པའི་ཁོར་ཡུག་འོག་བོད་མིར་བདེ་སྡུག་ཞུ་ས་ཕར་བཞག་དེ་ཐོག་གླེང་མོལ་གནང་རྒྱུའི་གོ་སྐབས་གང་ཡང་མེད་པ་ཆགས་པ་རེད།
བོད་ནང་བོད་མི་ཚོའི་ལུས་ཀྱི་མཆོད་མེ་དེ་ཚོའི་བརྡ་ལན་ག་རེ་ཡོད་དམ་ཞུ་ན་གུས་པའི་བསམ་པར་བརྡ་ལན་ཁག་གསུམ་ཙམ་ཡོད་རེད་བསམ།
བརྡ་ལན་དང་པོ་དེ་ནི་བོད་པའི་ལས་འགུལ་དེ་ད་ཆ་མི་རབས་གསར་པས་འགོ་ཁྲིད་གནང་གི་ཡོད་པ་དེ་གསལ་པོ་ཆགས་པ་རེད། སྐུ་ལུས་མཆོད་མི་འབུལ་གནང་མཁན་རྣམས་༡༩༦༤རྗེས་འཁྲུངས་པ་དང་། ཁོང་རྣམས་རྒྱ་ནག་དམར་པོའི་སྤྱི་ཚོགས་འོག་ཚར་ལོང་བྱུང་བ་ཤ་སྟག་རེད། དེས་ད་ཡོད་རྒྱ་ནག་གི་བོད་མིའི་ཐོག་སྲིད་བྱུས་དེའི་ཕན་ཡོན་གང་འདྲ་བྱུང་ཡོད་པ་དེ་མཚོན།

བརྡ་ལན་གཉིས་པ་ནི་བྱུང་རིམ་འདིས་བོད་ནང་གི་དངོས་ཡོད་གསར་པ་དེ་སྟོན་པ་རེད་། བོད་ནང་བོད་མི་ཚོར་འཛམ་གླིང་གི་གནས་ཚུལ་ཆ་ཚང་མཁྱེན་ཐུབ་རྒྱུ་མེད་རུང་རྒྱ་ནག་ནང་གི་སྤྱི་ཚོཌ་སྐོར་མཁྱེན་གྱི་ཡོད་སྟབས་བོད་མི་ཚོར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ཉིན་ལྟར་ཚོར་གྱི་ཡོད་པ་རེད།
བརྡ་ལན་གསུམ་པ་དེ་ནི་རྒྱ་ནག་གཞུང་ནས་བོད་ཐོག་རང་ཉིད་ནས་བདེན་པ་མིན་པའི་དྲིལ་བསྒྲགས་དེར་མགོ་འཁོར་བ་སྟོན་པ་དེ་རེད། འདི་ཐོག་རྒྱ་ནག་དབུས་དང་ས་གནས་ཁག་ཏུ་ཡོད་པའི་བོད་རིགས་ལས་བྱེད་ཚོས་ཀྱང་བདེན་པ་མིན་པའི་སྙན་ཞུ་ཕུལ་བའི་རྐྱེན་གྱི་གནས་སྟངས་དེ་འདྲ་ཆགས་པ་རེད་བསམ།

གང་ལྟར་བོད་ནང་བྱུང་བའི་གནས་ཚུལ་དེས་རྒྱ་ནག་གཞུང་། རྒྱལ་སྤྱིའི་གཞུང་དང་མི་མང་རྣམས་ཀྱི་བློ་ཡུལ་ལ་མེད་པ་ཞིག་ཡིན་ཞིང་། དེར་བརྟེན་འཛམ་གླིང་གི་གཞུང་ཁག་ནས་བྱུང་རིམ་འདི་དང་འབྲེལ་བའི་ཐོག་དགོངས་པ་བཞེས་ཕྱོགས་ཐོག་བཀའ་བསྡུར་གནང་བཞིན་རེད། དེ་བཞིན་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ནས་དོན་གནད་འདི་ཐོག་བཀའ་བསྡུར་ལྷུག་པོ་གནང་གི་ཡོད་པ་ནི་བརྗོད་མི་དགོས་པ་རེད། གུས་པའི་རེ་བར་རྒྱ་ནག་གཞུང་ནས་དཀའ་རྙོག་སེལ་ཆེད་དྲག་པོའི་ཐབས་ལམ་ཞིག་བསྐྱར་དུ་བེད་སྤྱོད་མི་གནང་བ་དེ་ཡིན།
སེམས་ཤུགས་བསྐྱེད་དགོས་པ་ཞིག་ལ་རྒྱ་ནག་ནང་ཨ་ནི་ཞིག་དང་། མཁས་དབང་ཝང་ལི་ཤོང་སོགས་ནས་བོད་མིས་རང་ལུས་མཆོད་མེ་ཕུལ་བའི་སྐོར་རྩོམ་བྲིས་གནང་བ་དང་། དེ་བཞིན་རྒྱ་སྐད་དྲ་ཚིགས་སོགས་ནང་གནད་དོན་དེར་གྲོས་བསྡུར་ལྷུག་པོ་ཡོང་བཞིན་པ་དེ་ཡིན། དེས་རྒྱ་ནག་སྤྱི་ཚོགས་ནང་བོད་དོན་ཐོག་བགྲོ་གླེང་ལེགས་པའི་རང་བཞིན་དུ་འགྲོ་རྒྱུར་ཕན་ཐོག་ཡོད།

༢༠༡༡ ནི་བོད་དོན་ཐོག་འཕོ་འགྱུར་ཆེན་པོའི་ལོ།

In བོད།, སློབ་གསོ།, ཨ་མི་རི་ཀའི་སྤྱི་ཚོགས། on December 29, 2011 at 2:26 pm

ཟླ་༡༢ཚེས་༢༨ཉིན་ཝི་ཨོ་ཨེ་ཀུན་གླེང་ལས་རིམ་ཐོག་ལོ་འདིར་གནས་ཚུལ་བྱུང་རིམ་ཐོག་གླེང་མོལ་ནང་མཉམ་ཞུཌ་བྱས་པ་ཡིན། དེའི་བརྙན་འཕྲིན་གཤམ་ལ་ཡོད།

གུས་པའི་བསམ་པར་རྒྱུ་མཚན་འགའ་ཞིག་རྐྱེན་༢༠༡༡ལོ་ནི་བོད་ཀྱི་ལོ་རྒྱུས་ཐོག་འཕོ་འགྱུར་ཆེན་པོའི་ལོ་ཞིག་ཆགས་ཡོད། གལ་ཆེ་ཤོས་ཤིག་ནི་ལོ་འདིར་༧གོང་ས་ཏ་ལའི་བླ་མའི་བླ་བྲང་དང་བོད་མིའི་དབར་ལོ་རྒྱུས་ལྡན་པའི་འབྲེལ་བའི་གནས་སྟངས་དེར་འཕོ་འགྱུར་ཞིག་ཕྱིན་ཡོད། དེའི་ནང་༧སྐུའི་ཡང་སྲིད་གནས་སྟངས་ཐོག་༢༠༡༡ཟླ་༩ཚེས་༢༤ཉིན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཡང་ཚུད་ཡོད། དེའི་ཤུགས་རྐྱེན་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཙམ་མ་ཟད་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་རྗེས་འཇུག་པ་ཚང་མར་ཡོང་གི་རེད། གུས་པའི་བསམ་པར་འདི་ལོར་༧གོང་ས་མཆོག་གིས་འཕོ་འགྱུར་གནང་བ་ཁག་ནི་༧རྒྱལ་བ་སྐུ་ཕྲེངས་འདིའི་ཞི་རྒྱ་ཆེ་བའི་དགོངས་བཞེས་ཞིག་ཕྱག་ལེན་ལྟར་གནང་བ་རེད་བསམ།
དེ་བཞིན་ལོ་འདིར་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གནང་བའི་ལས་འགུལ་དེས་༡༩༥༩རྗེས་བོད་མིའི་ལས་འགུལ་གྱི་རྣམ་པར་འགྱུར་བ་འགྲོ་ཡི་ཡོད་པའི་རྟགས་རེད། དེ་ནི་བོད་མི་ཚོས་དགོངས་པ་བཞེས་དགོས་པའི་གནད་དོན་ཡིན་པ་མ་ཟད་རྒྱ་ནག་གཞུང་དང་མི་མང་ནས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་རེད།
འཕོ་འགྱུར་གཞན་ཞིག་ནི་བོད་མིའི་ཆབ་སྲིད་ལམ་ལུཌ་ལ་བྱུང་ཡོད་བཞིན། ལོ་འདིར་འོས་འདེམས་བྱུང་བའི་ཁྲིམས་བཟོ་དང་འཛིན་སྐྱོང་གི་དབུ་ཁྲིད་ཚོར་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་འགན་དབང་བྱུང་།

ཨ་རིའི་ནང་མི་རབས་གཅིག་དང་ཕྱེད་ཀ་

In ཨ་མི་རི་ཀའི་སྤྱི་ཚོགས། on November 23, 2011 at 5:18 pm

ཟླ་༡༡ཚེས་༢༤ནི་ཨ་མེ་རི་ཀའི་ནང་”བཀའ་དྲིན་རྗེས་དྲན་”གྱི་ཉིན་རེད། ཉིན་འདིར་ཨ་རི་བ་ཚོས་ཕྱི་དྲོའི་ཞལ་ལག་དམིགས་བསལ་བཟོས་ཞིང་དེ་སྐབས་ནང་མི་སྤུན་ཆེད་མཉམ་འཛོམས་གནང་ནས་རང་སོ་སོའི་གནས་སྟངས་དེར་དྲན་གསོ་དང་མཉམ་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད། ཨ་རིའི་བོད་མི་ཚོའི་ནང་དུས་ཆེན་འདི་གུང་གསེང་ཞིག་མ་གཏོགས་ལོ་རྒྱུས་ལམ་སྲོལ་སྲུང་རྩི་ཞུ་མཁན་ད་ལྟ་མང་པོ་ཨ་ཡོད།
ཉེ་ཆར་ཨ་རིའི་བོད་མི་ཞིག་གི་རྩོམ་ནང་ཁོང་ནི་ཨ་རིའི་མི་རབས་གཅིག་དང་ཕྱེད་ཀ་ཡིན་གསུངས་འདུག དེའི་གོ་དོན་ནི་ཨ་རིའི་ནང་མི་མང་གནས་སྤོས་བྱེད་སྟངས་དང་འབྲེལ་བ་ཡོད།
བཤད་སྲོལ་ལ་ཨ་མེ་རི་ཀ་ནི་ཡུལ་སྤོ་བྱེད་མཁན་གྱི་རྒྱལ་ཁབ་ཞིག་རེད་ཟེར། ལོ་རྒྱུས་ནང་གཟིཌ་པ་ཡིན་ན། སྣ་བོའི་ཡུལ་མི་”ཎེ་ཌིའུ་ཨ་མེ་རི་ཀན་”མིན་པར་གཞན་རྣམས་ཡུལ་འདིར་རྒྱལ་ཁབ་གཞན་ནས་གནས་སྤོ་བྱེད་ནས་ཡོང་བ་ཤ་རྟག་ཡིན། མང་ཆེ་བ་ནི་ཡུ་རོབ་ཁུལ་ཡིན།
ཨེ་ཤི་ཡ་ནས་ཡུལ་འདིར་མི་སྤོ་བའི་དུས་ནི་དུས་རབས་༡༨ནང་ཡིན་འདུག་ཞིང་ཐོག་མར་ཕི་ལི་པིཎ་ནས་ཡིན་ས་རེད།
༡༩༩༠ལོ་ནས་ཨེ་ཤི་ཡ་ནས་ཡིན་པ་རྣམས་མི་འབོར་གྲངས་ཤེར་ནང་”ཨེ་ཤི་ཡན་”ཞེས་གསལ་པོ་སྡེ་ཚན་ཐ་དད་ནང་གྲངས་ཤེར་གནང་འགོ་བཙུགས་པ་རེད། ༢༠༡༠ལོའི་མི་འབོར་གྲངས་ཤེར་ནང་ཨེ་ཤི་ཡན་ཨ་མེ་རིན་ཀན་གྲངས་འབོར་ནི་༡༤༦༧༤༢༥༢ཡིན་ཞིང་དེ་ནི་ཨ་རིའི་མི་འབོར་གྱི་བརྒྱ་ཆ་༤་༨ཡིན་འདུག
ཨེ་ཤི་ཡན་ཨ་མེ་རི་ཀན་ནི་སློབ་སྦྱོང་ལེགས་པོ་ཡོད་པའི་མི་ཚོགས་ཞིག་ལ་རྩིས་ཀྱི་ཡོད། སྐད་གྲགས་ཡོད་པའི་ཨེ་ཤི་ཡན་ཨ་མེ་རི་ཀན་ཁོངས་སུ་”ཡ་ཧུ་”སྦྱིན་བདག་རྗེ་རི་ཡང་། ལོཡི་སི་ཡ་ན་མངའ་སྡེའི་སྤྱི་ཁྱབ་སྦོ་སྦི་འཇིན་དལ། ཨ་རིའི་རྒྱ་ནག་ཏུ་གཞུང་ཚབ་སྒེ་རི་ལོག དེ་སྔ་གཞུང་གི་བློན་པོ་གནང་མྱོང་མཁན་ནོར་མན་མི་ཎེ་ཊ་དང་ཨེ་ལི་ཎ་ཆའོ་སོགས་ཡིན།་
མི་རབས་སྡེ་ཚན་དབྱེ་སྟངས་ནི། བཤད་སྲོལ་གཅིག་ལ་མི་རབས་དང་པོ་དེ་ནི་ཡུལ་གཞན་ནས་ཨ་རིར་མི་རྒན་པ་གནས་སྤོ་གནང་མཁན་ལ་གོ དཔེར་ན་༡༩༩༠ ལོ་ནས་ཨ་རིར་བོད་ཆིག་སྟོང་གནས་སྤོས་གནང་བ་ཚང་མ་མི་རབས་དང་པོ་རེད།
མི་རབས་གཅིག་དང་ཕྱེད་་ཀ་ཟེར་བ་དེ་སྐྱེས་ཡུལ་རྒྱལ་ཁབ་གཞན་ཡིན་རུང་ཨ་མེ་རི་ཀར་གནས་སྤོས་བྱེད་དུས་ན་གཞོན་ཙམ་ཡིན་པར་གོ་ཡི་ཡོད། མི་རབས་དེ་ཚོར་སོ་སོ་ཡོང་སའི་སྤྱི་ཚོགས་ཀྱི་གོམ་གཤིས་ལམ་སྲོལ་ཕྲན་བུ་ཤེས་རྟོགས་ཡོད་པར་བཤད། བོད་མི་ཡིན་ན་”ཆིག་སྟོང་”གི་ཕྲུ་གུ་ན་གཞོན་རྣམས་མི་རབས་གཅིག་དང་ཕྱད་ཀ་ཡིན།

“ཧེ་པི་ ཐེང་སི་སྒིཝིང་།”

Follow

Get every new post delivered to your Inbox.